Saturday, December 18, 2010

postheadericon བསོད་ནམས་དན་རྟགས།



མུ་ཙུག་སྨར་རོ།

postheadericon ཞང་ཞུང་འཚོལ་བ།



མུ་ཙུག་སྨར་རོ།

postheadericon ཞང་ཞུང་ཡུལ་ལ་བསྟོད་པ།



ཚིག ཁྲོ་་ཀུན་ཕན་ཟླ་བ།
དབྱངས། ལྷུན་གྲུབ།
ལེན་མཁན། གྲགས་བྷེ།

མི་ཡི་དང་པོ་འོད་གསལ་ལྷ་ལས་མཆེད།།
གནས་མཆོག་དང་པོ་འོལ་མོ་ལུང་རིང་ཆགས།།
རྒྱལ་བ་དང་པོ་སྟོན་པ་གཤེན་རབ་འཁྲུངས།།
ཡི་གེ་དང་པོ་སྤུངས་སོ་ཆེ་ཆུང་གསུངས།།
གྲུབ་མཐའ་དང་པོ་འཕྲུལ་ངག་གཡུང་དྲུང་བོན།།
གནས་ཆེན་དང་པོ་ལྷ་རི་གྱང་ཐོའི་རྩེར།།
༧སྐྱབས་རྗེ་དང་པོ་གཤེན་རབ་མི་བོ་ཡིས།།
བཀའ་འཁོར་དང་པོ་ཐེག་པ་རིམ་དགུ་གསུངས།།
རྒྱལ་ཚབ་དང་པོ་མུ་ཆོ་ལྡེམ་དྲུག་འཁྲུངས།།
བཀའ་བརྟེན་དང་པོ་སྟོང་ཕྲག་དུ་མ་གསུངས།།
མཁན་རབས་དང་པོ་རྒྱལ་བ་གཉིས་པ་ཡིས།།
གདན་ས་དང་པོ་དཔལ་ལྡན་སྨན་རི་བཏབ།།
བླ་རབས་དང་པོ་དོ་འཕགས་ཆེན་པོ་ཡིས།།
དགོན་སྡེ་དང་པོ་ཕྱོགས་ལས་རྣམ་རྒྱལ་བཞེངས།།
ཡུལ་གྲུ་དང་པོ་རྔ་ལྗོངས་ཕྱུག་མོ་ལ།།
མཚན་སྙན་དང་པོ་སྲིད་གསུམ་དགུང་དུ་འཁྱིལ།།

མུ་ཙུག་སྨར་རོ།
Sunday, June 27, 2010

postheadericon ལོ་ཙཱ་བ་ཆུང་ཚེ་རིང་ལགས་ཀྱི་བཀའ་དྲི་ལས་འཕྲོས་ཏེ་”རྒྱ་གར་”ཞེས་པའི་ཐ་སྙད་སྐོར་ལ་ཅུང་ཞིག་གླེང་བ།

ཁར་ཉིན་ངས་འཕྲུལ་སྒྲའི་དྲ་སྟེང་དུ་”རྒྱ་གར་”ཞེས་པ་བོད་སྐད་མ་རེད་ཅེས་པ་ཞིག་བྲིས་ཡོད་པར་བརྟེན། སྐུ་ངོ་མཆོག་ནས་བསམ་ཚུལ་གསར་པ་ཡིན་ན་ཟིན་བྲིས་སུ་བྲིས་ན་ལེགས་ཚུལ་གསུངས་པས། སྐུ་ངོ་མཆོག་གི་དགོངས་ཚུལ་དང་མཚུངས་པའི་བསམ་ཚུལ་གསར་པ་མིན་ཀྱང་ཅུང་ཞིག་འབྲི་ན་འདོད། སྤྱིར་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱ་གར་ཞེས་པའི་ཐ་སྙད་འགྲེལ་སྐབས། ’རྒྱ་’ནི་བོད་དབུས་སུ་བརྩིས་པའི་མཐའ་ཡི་རྒྱ་ན་གནས་པས་ན་དེ་ལྟར་དང། ‘གར་’གྱོན་གོས་དཀར་བའི་ཆ་ནས་དང་། ཡང་ན་བོད་ནས་ལོགས་སུ་’གར’་ནས་ཡོད་པས་’རྒྱ་གར་’ཞེས་འབོད་ཅེས་བཤད་ཡོད་ཡོད།
དེའང་བཤད་བྱ་གཙོ་བོ་”རྒྱ་གར་”ཞེས་པའི་ཐ་སྙད་དེ་རྒྱུ་མཚན་དང་ལོ་རྒྱུས་ལྡན་པའི་མིང་ཚིག་ཞིག་རེད་ཅེས་བཤད་ཆོག རྒྱུ་མཚན་ནི། རྒྱལ་ཁབ་ཅིག་གི་མིང་ཡིན་ན་ཕལ་ཆེར་འདྲ་འབྲེལ་སོགས་ཅི་རིགས་ལ་བཏགས་པར་ཁས་ལེན་ཐུབ་པ་ཞིག་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ཨརྱན་ (Aryan) རིགས་ཀྱིས་རྒྱ་གར་གྱི་མི་རྣམས་ཤ་མདོག་དང་སྤྱོད་ལམ་སོགས་ལ་བརྟེན་ནས་རིགས་བཞི་རུ་ཕྱེས་ཡོད་པར་བཤད། དེའང་”ཤུ་དྷ་ར”(Shudhra) རིགས་ངན་དང། “བྲཧམན” (Brahmin) ༼བོད་པས་འདི་ལ་”བྲམ་ཟེ་”ཟེར་ཡང་དོན་དུ་འདིའང་བོད་སྐད་མ་རེད།༽ གཙང་རིགས་སམ་ཡོན་ཏན་ཅན་གྱི་རིགས། “ཀཱཤ་ཏྲི་ཡ” (Kashtriya) དམག་གི་རིགས། “ཝེཤ་ཡ” (Vaishya) ཚོང་པའི་རིགས་བཅས་སུ་ཕྱེས། མི་རིགས་འདི་དག་གོང་དུ་ཨརྱན་རིགས་ཀྱིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་བཤད་རྒྱུ་ཡོད་པར་བརྟེན། ལོ་བརྒྱ་ཕྲག་མང་པོའི་གོང་དུ་ད་ལྟའི་རྒྱ་གར་འདི་ཉིད་ཀྱང་གོང་གི་ཨརྱན་རིགས་ཀྱི་སྟངས་འཛིན་འོག་ཏུ་གནས་ཡོད། སྤྱིར་ཐོག་མར་ཡུལ་གྱི་མིང་ལ་”སིན་དྷུ་” (Sindhu) སྟེ། ཆུ་བོ་ཆེན་པོ་སིན་དྷུའི་འགྲམ་ན་གནས་པས་ན་དེ་ལྟར་ཟེར། དེ་དང་མཚུངས་པར་ཨརྱན་གྱི་རིགས་རྣམས་ཐོག་མར་སིན་དྷུའི་རྒྱུད་ན་གནས་པས་མི་རིགས་ཀྱི་མིང་ལ་ཨརྱན་ཟེར་བར་སྣང།
ད་ནི་གོང་གི་”ཨརྱན་” ཞེས་པ་དེ་བོད་སྐད་དུ་ཇི་ལྟར་འགྱུར་ཚུལ་སྐོར་ལ་ཅུང་གླེང་ན། སྤྱིར་ལེགས་སྦྱར་སྐད་དུ་”ཨརྱ་” ནི་བོད་སྐད་དུ་”འཕགས་”ཞེས་གོ་བ་དང་། “ཨརྱན་” ནི་”འཕགས་པའམ་འཕགས་པའི་”ཟེར་བ་ཡིན། དཔེར་ན། “ཨརྱ་ཝར་ཏ” (Āryāvarta) ནི་འཕགས་པའི་ཡུལ་ཏེ་རི་བོ་ཧི་མ་ལ་ཡ་ནས་ཝིན་དྷ་ཡའི་རི་རྒྱུད་བར་གྱི་ཨརྱན་རྣམས་ཀྱིས་བདག་ཏུ་བཟུང་བའི་ཡུལ་ཞིག་ལ་གོ་ཞེས་བཤད་ཡོད། དེ་དང་འདྲ་བར་བོད་པས་ཀྱང་”འཕགས་ཡུལ་”ཞེས་འབོད་ཀྱིན་པ་རེད། བོད་སྐད་དུ་ཐོག་མར་ལོ་ཙཱ་བ་རྣམས་ཀྱིས་ཡུལ་གྱི་མིང་བྲིས་སྐབས་ཡུལ་དེའི་སྐད་དོད་དམ་ཡང་ན་ཡུལ་མིང་དེའི་གོ་དོན་ལ་གཞི་བཞག་ནས་བྲིས་ཡོད་པ་ལས་བོད་རང་གི་བརྡ་དག་དང་མཚུངས་པའི་མིང་ཞིག་ཕར་འདོགས་མི་སྲིད་པ་ལྟ་བུ་རེད། ད་ནི་འདི་ལྟར་ཏེ། ཐོག་མའི་བོད་ཀྱི་ཡིག་མཁན་རྣམས་ཀྱིས་དབུ་མེད་སོགས་ཀྱི་སྟེང་དུ་”ཨརྱ་” ཡང་ན་ “ཨརྱ་ཝར་ཏ” ཞེས་བྲིས། ཕྱིས་སུ་རིམ་པར་ཨརྱ་ཡི་”ཨ་” མེད་པར་གྱུར་ནས་”རྱ་” གཅིག་པུར་ལྷག དེའང་ཡིན་ཏེ་ལེགས་སྦྱར་སྐད་དུ་ཨ་སྲོག་མེད་དུ་འགྲོ་བ་ཆེས་མང་། གོང་གི་ར་ཡ་བཏགས་དང་ད་ཡ་བཏགས་གཉིས་དབུ་མེད་སོགས་ལ་འབྲི་ཚེ་སྐབས་སྐབས་སུ་ཤིན་ཏུ་ནས་དབྱེ་འགྱེད་དཀའ་བར་འགྱུར་འགྲོ་བས་རིམ་པར་’རྒྱ་གར་’ཞེས་འབྲི་ཚེ་ད་ཡ་བཏགས་རྒྱ་སྟེ་དཔེར་ན་”དྱ་གར”ལྟ་བུར་བྲིས་ཡོད་པ་གསལ་པོར་སྣང། ལྷག་པར་དབུ་མེད་དུ་”རྒྱ་”ཡི་འཚབ་ལ་”དྱ་”བྲིས་པ་མང་པོ་མཐོང་རྒྱུ་ཡོད་ལ། འབྲི་ཚེ་མགྱོགས་པ་དང་སླ་པོ་ཡོད་པས་ཡིན།
རྒྱ་གར་ཞེས་པའི་ཕྱི་མ་”གར་”ནི་གོང་ཞུས་ལྟར་དཀར་བའམ་ལོགས་སུ་གར་བར་འགྲེལ་ཡང། དོན་དུ་རང་གི་བསམ་ཚུལ་བྱས་ན་དེའང་བོད་སྐད་མིན་པའི་ཚོར་སྣང་བྱུང། རྒྱུ་མཚན་ནི་གོང་གི་”ཨརྱ་ཝར་ཏ་”ཞེས་པའི་ཕྱི་མ་”ཝར་ཏ་”ནི་”ཨ་ཝར་ཏ”ལས་བྱུང་སྟེ་གནས་ཁྱད་པར་ཅན་ལ་གོ ལེགས་སྦྱར་གྱི་”ཝ་”ནི་ཧོབ་ཏེ་བལྟ་ན་བོད་ཡིག་དབུ་མེད་ཀྱི་’ག་རྐང་པ་མེད་པ་’འདྲ་ཞིག་ཡོད་པས་”ཝར་””གར་”ལ་འགྱུར་མི་སྲིད་པ་མ་རེད་སྙམ། དེས་ན་བོད་པས་”རྒྱ་གར་”ཞེས་འབོད་པ་ནི་”ཨརྱ་ཝར་”ཞེས་འབོད་པ་དང་མཚུངས་ཀྱང་། ད་དུང་”འཕགས་ཡུལ་རྒྱ་གར་”ཞེས་བསྐྱར་ལྡབ་བྱེད་པ་ནི་ངལ་བའི་རྒྱུ་ལས་མ་འདས།
ད་འོ་ན་གོང་གི་རྒྱ་ཡི་འགྲེལ་བཤད་དེ་རྒྱ་ནག་གི་རྒྱ་ལ་ཁྱབ་བམ་མི་ཁྱབ་ཟེར་ན། དེའང་ཡིན་ཆོག་སྟེ་སྔོན་རྒྱ་ནག་ལའང་ཨརྱན་རིགས་ཏེ་འཕགས་པའི་སྡེ་གྲངས་ལས་འདས་པ་ཡོད་པས་སོ། ལར་བོད་པ་ཚོར་གཞན་གྱི་སྐད་དོད་དང་མཚུངས་པའི་མིང་མང་པོ་ཞིག་ཨུ་ཚུགས་ཀྱིས་དོན་ཅན་གྱི་མིང་རེ་འདོགས་དགོས་ན་མཁས་པོ་ཡོད་པ་རེད། དཔེར་ན་དེང་གི་ཆར་”མ་ན་ལི”ལ་’མུན་ནག་གླིང་’དང། “མེཀ་ལོཌ་གྷནཇ་” ལ་’མེ་ལྷ་དགའ་འཁྱིལ། ཡང་ན། མི་གླ་དགའ་སྐྱིད་’། “ཅའོ་ར་ཏར་” ལ་’རྐྱང་རུ་བསྟར་’། “མ་ཇ་ནུ་ཀ་ཊི་ལ་“ ལ་‘མ་བྱུང་ཊི་ལ་’སོགས་མང་པོ་བཏགས་ཡོད་། ངོ་མ་སྙན་པོ་དང་གོ་རྒྱུ་ཡོད་པ་ཞིག་མི་འདུག་པས།
འདི་ན་ཀུན་རྟོག་ཡིད་ཀྱི་སྒྱུ་འཕྲུལ་རྣམས། །
མ་སྦས་རང་སྣང་ལྷུག་པོར་བྲིས་པ་འདི། །
མཁས་པས་དཔྱོད་པའི་ཆ་རྐྱེན་མ་ལགས་ཀྱང། །
བདག་འདྲའི་བློ་དམན་རིག་ལམ་སྒོ་འགྱེད་ཡིན། །
མུ་ཙུག་སྨར་རོ
Saturday, June 19, 2010

postheadericon ཁམས་ཁྱུང་པོ་ཁུལ་གྱི་བོན་དགོན་ཉམས་གསོ་བྱུང་བ་རྣམས་ཀྱི་མཚན།

(གཤམ་གྱི་དགོན་སྡེ་ཁག་ནི་བསྟན་པ་ཕྱི་དར་སྐབས་སུ་ཕྱག་བཏབ་པའི་བོན་གནས་ཙམ་ལས་བསྟན་པ་སྔ་དར་སྐབས་ཀྱི་དགོན་གནས་སྒྲུབ་སྡེ་ཁག་ཚུད་མེད།)
༡)སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང། ཁྱུང་པོ་ཤེས་རབ་རྒྱལ་མཚན་གྱིས་ལྕགས་གླང༌། ༡༠༦༡ ལོར་ཕྱག་བཏབ། རིག་གསར་སྐབས་རྩ་གཏོར་སོང་བས་མཁན་པོ་ཤེས་རབ་དགེ་ལེགས་རིན་པོ་མེ་སྟག ༡༩༨༦ ལོར་ཉམས་གསོ་གནང།

༢) ཀ་ལེགས་དགོན། ཡག་སྙ་བསོད་ནམས་སྟོབས་རྒྱལ་གྱིས་ལྕགས་བྱ། ༡༣༨༡ ལོར་ཕྱག་བཏབ། ཚེ་དབང་སྟོབས་རྒྱལ་གྱིས་ཤིང་བྱི། ༡༩༨༤ ལོར་ཉམས་གསོ་གནང།

༣)མཐོང་གྲོལ་རི་ཁྲོད་དགོན། མེ་སྟོན་ཉི་མ་རྒྱལ་མཚན་གྱིས་ཤིང་འབྲུག ༡༨༤༤ ལོར་ཕྱག་བཏབ། ལྷུན་གྲུབ་རྒྱལ་མཚན་གྱིས་ཤིང་བྱི། ༡༩༨༤ ལོར་ཉམས་གསོ་གནང།

༤)དཔལ་གཤེན་བསྟན་ཀོ་དགོན་བདེ་ཆེན་ཀུན་གྲགས་གླིང། ཀོ་རྒྱལ་ཡེ་ཤེས་རྒྱལ་མཚན་གྱིས་ ས་བྱི། ༡༤༠༨ ལོར་ཕྱག་བཏབ། ཟླ་གྲགས་རིན་ཆེན་ཕུན་ཚོགས་ཀྱིས་ཤིང་བྱི་ ༡༩༨༤ ལོར་ཉམས་གསོ་གནང་།

༥)ལྡོང་རྫོང་རི་ཁྲོད། ཁྲི་འོད་རྒྱལ་མཚན་གྱིས་ས་སྤྲེལ་ ༡༧༨༨ ལོར་ཕྱག་བཏབ། ཞུ་དཔལ་ལྡན་བཟང་མོས་ས་འབྲུག ༡༩༨༨ ལོར་ཉམས་གསོ་གནང་།

༦)སྨོན་རྒྱལ་བླ་བྲང། སྨོན་རྒྱལ་ནམ་མཁའ་དབང་རྒྱལ་གྱིས་མེ་བྱི་ ༡༨༧༦ ལོར་ཕྱག་བཏབ། རྒྱམ་མཁའ་དབང་ལྡན་གྱིས་མེ་སྟག་ ༡༩༨༦ ལོར་ཉམས་གསོ་གནང།

༧)སྦྲ་ཁོ་དགོན། སྤྲུལ་སྐུ་བློ་ལྡན་སྙིང་པོས་ཤིང་བྱི་ ༡༣༨༤ ལོར་ཕྱག་བཏབ། ཚེ་དཔག་རྡོ་རྗེས་ ༡༩༨༥ ལོར་ཉམས་གསོ་གནང།

༨)རྒྱལ་སྒོ་དགོན། བཀྲ་ཤིས་རྒྱལ་མཚན་གྱིས་ས་རྟ་ ༡༦༧༨ ལོར་ཕྱག་བཏབ བུ་རྡོས་ ༡༩༨༥ ལོར་ཉམས་གསོ་གནང་།
༩)བེ་སྒོ་དགོན། སངས་རྒྱས་གླིང་པས་མེ་རྟ་ ༡༧༢༦ ལོར་ཕྒ་བཏབ། ནམ་མཁའ་དབང་ལྡན་གྱིས་ ༡༩༨༤ ལོར་ཉམས་གསོ་གནང་།

༡༠)དམུ་ཡད་དགོན། ཤེལ་སྐུ་ཀུན་དགའ་རྒྱལ་མཚན་གྱིས་ ༡༧༩༤ ལོར་ཕྱག་བཏབ། གནམ་ལྷ་རིན་པོ་ཆེས་ ༡༩༨༥ ལོར་ཉམས་གསོ་གནང་།

༡༡)གནམ་སྟེང་དགོན། སྨོན་ལམ་འོད་ཟེར་གྱིས་ས་སྟག ༡༢༧༨ ལོར་ཕྱག་བཏབ། ཟླ་བ་རྒྱལ་མཚན་གྱིས་ ༡༩༨༤ ལོར་ཉམས་གསོ་གནང་།

༡༢)དར་རྒྱས་དགོན། དགེ་རིན་ཆེན་ཚུལ་ཁྲིམས་གྱིས་ཤིང་རྟ་ ༡༨༣༤ ལོར་ཕྱག་བཏབ། བསྟན་པ་རྒྱལ་མཚན་སོགས་ཀྱིས་ ༡༩༨༣ ལོར་ཉམས་གསོ་གནང་།

༡༣)རི་དམར་དགོན། ཤེལ་ཞིག་དབུ་དཀར་གྱིས་ལྕགས་རྟ་ ༡༥༧༠ ལོར་ཕྱག་བཏབ། བསོད་ནམས་ཉི་མ་དང་བསྟན་པའི་རྒྱལ་མཚན་སོགས་ཀྱིས་ ༡༩༨༥ ལོར་ཉམས་གསོ་གནང་།

༡༤)སྔོ་ཕུག་དགོན། སེམས་ཉིད་རྒྱལ་མཚན་གྱིས་ཤིང་བྱ། ༡༩༤༥ ལོར་ཕྱག་བཏབ། དཔལ་རྒྱལ་གྱིས་ ༡༩༨༦ ལོར་ཉམས་གསོ་གནང།

༡༥)ནག་རུ་བསམ་གཏན་གླིང༌། ཁྱུང་པོ་གྲགས་པ་རྒྱལ་མཚན་གྱིས་དུས་རབས་ ༡༡ པའི་ནང༌ལ་ཕྱག་བཏབ། བོན་དབྱིངས་རང་གྲོལ་སོགས་ཀྱིས་ ༡༩༨༤ ལོར་ཉམས་གསོ་གནང་།

༡༦)གཡུང་དྲུང་དཔལ་རི། འགྲུ་བླ་མ་གཡུང་དྲུང་དབང་གྲགས་ཀྱིས་ཤིང་སྟག ༡༤༣༤ ལོར་ཕྱག་བཏབ། གཡུང་དྲུང་ཕུན་ཚོགས་ཀྱིས་ ༡༩༨༤ ལོར་ཉམས་གསོ་གནང་།

༡༧)ལྗོངས་ཤོད་བོན་དགོན། སྤྲུལ་སྐུ་བློ་ལྡན་སྙིང་པོས་ཆུ་ཁྱི་ ༡༣༨༢ ལོར་ཕྱག་བཏབ། རིན་ཆེན་རྒྱལ་མཚན་གྱིས་ ༡༩༨༥ ལོར་ཉམས་གསོ་གནང་།

༡༨)བདལ་གཤིས་དགོན། སྤྲུལ་སྐུ་བློ་ལྡན་སྙིང་པོས་ཤིང་བྱི་ ༡༣༨༤ ལོར་ཕྱག་བཏབ། རིན་ཆེན་རྒྱལ་མཚན་གྱིས་ ༡༩༨༥ ལོར་ཉམས་གསོ་གནང་།

༡༩)རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་། (འདི་ནི་བོད་རྒྱལ་གཉིས་པ་མུ་ཁྲིའི་སྐབས་སུ་བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན་སུམ་པ་གླང་གི་གྱིམ་ཤོད་ཅེས་པ་དེ་ཡིན་ལ། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ནང་ཚན་སྒོ་པ་གྱིམ་ཤོད་ཤེལ་ལེ་རྒྱལ་སྐར་ཞེས་པའང་འདི་ཡིན།)སྤྲུལ་སྐུ་བློ་ལྡན་གྱིས་ཆུ་ཁྱི་ ༡༣༨༢ ལོར་ཕྱག་བཏབ། གོ་སྤྲུལ་རིན་ཆེན་ཕུན་ཚོགས་སོགས་ཀྱིས་ ༡༩༨༣ ལོར་ཉམས་གསོ་གནང་།

༢༠)ཝ་དགེ་དགོན། སྤྲུལ་སྐུ་བློ་ལྡན་སྙིང་པོས་ལྕགས་སྤྲེལ་ ༡༣༨༠ ལོར་ཕྱག་བཏབ། ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་སོགས་ཀྱིས་༡༩༨༤ ལོར་ཕྱག་བཏབ།

༢༡)ག་ཤེལ་དགོན། ཤེལ་ཞིག་སྐལ་བཟང་གྲགས་པས་ལྕགས་སྟག ༡༥༣༠ ལོར་ཕྱག་བཏབ། དྲུང་མུ་གྲགས་པས་ ༡༩༨༣ ལོར་ཉམས་གསོ་གནང་།

༢༣)ག་ཐའི་གཡུ་མཚོ་དགོན། སངས་རྒྱས་གླིང་པས་ལྕགས་བྱ་ ༡༤༤༡ ལོར་ཕྱག་བཏབ། ནག་རུ་སྙི་ལྗོབ་ཀྱིས་ ༡༩༨༤ ལོར་ཉམས་གསོ་གནང་།

༢༤)ཞུ་མར་ཁུ་དགོན། ཕུན་ཚོགས་བློ་གྲོས་ཀྱིས་ཤིང་རྟ་ ༡༨༣༤ ལོར་ཕྱག་བཏབ། བསྟན་འཛིན་གྲགས་པས་ ༡༩༨༤ ལོར་ཉམས་གསོ་གནང་།

༢༥)མཁར་སྤུངས། ཚུལ་ཁྲིམས་མཚོ་མོས་ཤིང་གླང༌ ༡༧༤༥ ལོར་ཕྱག་བཏབ། ༡༩༨༥ ལོར་ཉམས་གསོ་གནང།

༢༦)ངང་རྫོང་དགོན། གོ་སྤྲུལ་རིན་ཆེན་ཕུན་ཚོགས་ཀྱིས་ས་རྟ་ ༡༩༡༨ ལོར་ཕྱག་བཏབ། གཡུང་དྲུང་དགེ་ལེགས་ཀྱིས་ ༡༩༨༥ ལོར་ཉམས་གསོ་གནང་།

༢༧)དམུ་ལྷ་ལུང་དགོན། ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱིས་ས་འབྲུག ༡༩༤༨ ལོར་ཕྱག་བཏབ། ཚུལ་ཁྲིམས་བསྟན་འཛིན་གྱིས་ ༡༩༨༥ ལོར་ཉམས་གསོ་གནང་།

༢༨)གཡམ་བྱ་ཆེན་དགོན། ཤེལ་ཞིག་སྐལ་བཟང་གྲགས་པས་ལྕགས་འབྲུག ༡༩༤༠ ལོར་ཕྱག་བཏབ། ༡༩༨༤ ལོར་ཉམས་གསོ་གནང་།

༢༩)ཞུ་དགོན་སྨིན་གྲོལ་གླིང་། ཞུ་བསྟན་འཛིན་གྲགས་པས་ཆུ་འབྲུག ༡༦༥༢ ལོར་ཕྱག་བཏབ། ཞུ་རྣམ་རྒྱལ་གྲགས་པས་ ༡༩༨༤ ལོར་ཉམས་གསོ་གནང་།

༣༠)མར་རྫོང་དགོན། ཁྱུང་པོ་རྨ་སྐུ་ཞབས་ཀྱིས་ས་རྟ་ ༡༧༩༤ ལོར་ཕྱག་བཏབ། གཡུང་དྲུང་ཕུན་ཚོགས་སོགས་ཀྱིས་ ༡༩༨༥ ཉམས་གསོ་གནང་།

༣༡)ཕུག་ལེབ་དབུ་མ་སྟག་རྩེ་བདེ་ཆེན་འབར་བའི་བོན་གནས། དབང་ཆེན་གྲགས་པ་དུས་རབས་ ༡༥ པའི་ནང༌ཕྱག་བཏབ། གཡུལ་རྒྱལ་གྲགས་པས་ ༡༩༨༤ ལོར་ཉམས་གསོ་གནང་།

༣༢)བྱ་ཟེ་ཡང་རྫོང༌། སྤྲུལ་སྐུ་བློ་ལྡན་སྙིང་པོས་ཆུ་སྦྲུལ་ ༡༣༥༤ ལོར་ཕྱག་བཏབ། བསྟན་འཛིན་གྲགས་པ་སོགས་ཀྱིས་ ༡༩༨༤ ལོར་ཉམས་གསོ་གནང་།

༣༣)ཚ་ནེའི་རི་ཁྲོད། ཨ་ལུང་མཚམས་པས་དུས་རབས ༡༩ ནང༌ཕྱག་བཏབ། བསྟན་དར་གྱིས་ ༡༩༨༥ ལོར་ཉམས་གསོ་གནང་།

༣༤)རི་སྣེ་དགོན། ཟླ་བ་རྒྱལ་མཚན་གྱིས་མེ་འབྲུག ༡༧༩༦ ལོར་ཕྱག་བཏབ། ཡོན་ཏན་ཕུན་ཚོགས་ཀྱིས་ ༡༩༨༥ ལོར་ཉམས་གསོ་གནང།
བོན་དགོན་འདི་དག་གི་གྲྭ་གྲངས་ཁ་གསལ་གནས་སྐབས་བྲིས་མ་ཐུབ།
མུ་ཙུག་སྨར་རོ།
Thursday, June 17, 2010

postheadericon གཡུང་དྲུང་སེམས་མའི་འདུ་ཚོགས།

གཡུང་དྲུང་སེམས་མའི་འདུ་ཚོགས
བོན་བསྟན་ཉམས་ལེན་ལས་བྱུང་བའི་བུ་མེད་གྲགས་ཅན་འགའ་ཞིག་གི་སྐོར།
དེ་ཡང་ལུང་ལས། "དེས་ན་འཕགས་པའི་གང་ཟག་དང་བྱང་ཆུབ་སེམས་དཔའ་གང་ན་ཡོད་མི་ཤེས་པས་ཐམས་ཅད་ལ་དག་སྣང་སྦྱང༌། 1" ཞེས་པའི་གསུང་དུམ་དེ་ཕྲན་ལྟ་བུས་ལུང་འདྲེན་འོས་མིན་མ་ཤེས་ཀྱང༌། དྲན་ཤེས་མནལ་དུ་ཕེབས་པའི་གང་ཟག་ཞིག་གིས་དཔྱད་ཚེ་གཏིང་ཟབ་པའི་ལུང་གི་སྙིང་བཅུད་ཞིག་ཡིན་པ་ཐེ་མི་ཚོམ།
དེའང་གཞན་སྡེའི་འདུལ་བའི་ལས་ཆོག་འགའ་ཞིག་ལས། "གངས་རྀའི་ལྗོངས་འདིར་བུ་མེད་བསྙེན་རྫོགས་བྱེད་མི་རུང༌།" ཞེས་སོགས་གསུངས་པའི་དགོངས་དོན་ཇི་ལྟར་ཡིན་དཔོག་མ་ནུས་ཀྱང༌། རང་ལུགས་ལ་སྟོན་པ་སངས་རྒྱས་ཀྱིས་ཕོ་མོ་ལ་རིས་སུ་མེད་པར། "འཁོར་བའི་སེམས་ཅན་ཕོ་དང་མོ། མཐོ་རིས་ཐར་པའི་གནས་འདོད་ན། ཕོ་རྣམས་ཁྲི་གདན་ཆེན་པོ་སྤོངས། མོ་རྣམས་རླ་གབ་ཆེན་པོ་སྤོངས།" སོགས་ཀྱིས་མཚོན་མི་ཡི་མཚན་ཉིད་ཚང་བའི་ཕོ་མོ་གང་དང་གང་ལའང་སོ་སོ་ཐར་པའི་རྟེན་དུ་རུང་བ་གསུངས་པ་དང༌། དེ་དག་གི་རྗེས་འཇུག་གངས་ཅན་ལྗོངས་འདིར་བསླབ་པ་གསུམ་གྱིས་བརྒྱན་པའི་གྲུབ་ཐོབ་མ་ཇི་སྙེད་གཅིག་བྱོན་ཡོད་པ་འདི་དག་སྐོར་ད་ལན་བཤད་བྱ་གཙོ་བོར་བཟུང་ནས་ཅུང་ཞིག་གླེང་བར་འདོད།
དེའང་མི་ལོ་ཆིག་ཁྲིའི་ཡར་སྔོན་སྟོན་པ་ཞལ་བཞུགས་པའི་གནས་སྐབས་སུ་གཡུང་དྲུང་སེམས་མ་གྲངས་མེད་བྱོན་ཡོད་པ་སྨྲོས་མེད་ཡིན་ལ། ཁྱད་པར་སྟོན་པ་རང་གི་སྲས་གཤེན་ཟ་ནེའུ་ཆེན་དང་ནེའུ་ཆུང་གཉིས། ཧོས་དང་བ་ཡིད་རིང་གི་སྲས་མོ་ཧོས་ཟ་རྒྱལ་མེད་མ་དང༌། དཔོ་རྒྱལ་འབར་བའི་སྒྲོན་མེའི་སྲས་མོ་དཔོ་ཟ་ཐང་མོ། ཀོང་རྗེ་དཀར་པོའི་སྲས་མོ་ཀོང་ཟ་འཕྲུལ་ལྕམ་སོགས་སོ་ཐར་གྱི་སྒོར་ཞུགས་པ་ཤ་སྟག་ཡིན་ལ། དེའང་དྲང་སྲོང་དང་གཙང་གཙུག དགེ་བསྙེན་ཅི་རིགས་པར་གནས་ཡོད་པར་གསུངས་2པ་འདི་དག་ལ་གཞིག་ཚེ་སོ་ཐར་གྱི་རྟེན་ཅན་གྲངས་མི་ཉུང་བ་ཞིག་བུ་མེད་ཀྱི་ལུས་རྟེན་ལ་བརྟེན་ནས་སངས་རྒྱས་ཡོད་པར་ངེས་ལ། ད་དུང་མོ་ལུས་གསང་སྔགས་ཀྱི་དཔེར་ན་རྒྱལ་ཡུམ་བཟང་ཟ་རིང་བཙུན་ 3 སོགས་གསང་སྔགས་མ་རྒྱུད་ཀྱི་བོན་ལ་མཁས་པའི་གོ་འཕང་བརྙེས་པའང་གྲངས་མང་བྱུང་ཡོད།
༼བོན་མོ་རྫུ་འཕྲུལ་མ་དགུ།༽
ཕྱིས་མི་ལོ་༼ཕྱི་ལོའི་སྔོན་གྱི་༡༥༦༡༩༽ཡས་མས་སུ་རྟག་གཟིགས་ནས་ཞང་བོད་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་སུ་བྱུང་བ་ནས་བཟུང༌། གསང་སྔགས་དང་སེམས་ཕྱོགས་ལ་མཁས་ཤིང་གྲུབ་པ་དང་ལྡན་པ། རྫུ་འཕྲུལ་ཐོག་ཆགས་མེད་པ་བོན་མོ་རྫུ་འཕྲུལ་མ་དགུ་ 4 སོགས། གྲུབ་པའི་རྟགས་ནི་བསམ་གྱིས་མི་ཁྱབ་པ་མངའ་སྟེ། ནམ་མཁའི་ཁམས་སུ་འཇའ་སྤྲིན་དང་འགྲོགས་ཏེ་སྐུ་ལུས་སྤྲུལ་བསྒྱུར་ནུས་པ་དང༌། ཁྱུང་དང་བྱ་རྒོད་སོགས་ལ་སྤྲུལ་ཏེ་འཕུར་ནུས་པ་དང༌། མི་དང་མི་མིན་ལ་སོགས་ལ་བོན་འཆད་ནུས་པའི་གྲུབ་ཐོབ་མ་ཤ་སྟག་ཡིན་པ་གསུངས་པ་འདི་དག་ལ་དཔྱད་ཞིབ་ཡང་དག་བགྱི་ཚེ་སྤྱིར་ཞང་བོད་ཀྱི་ཡུལ་གྲུ་འདིར་བུ་མེད་བྱས་རྗེས་ཅན་ཕེབས་པ་ཉུང་ཉུང་མིན། ལྷག་པར་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་སྟེ་ ༧༤༩ བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་སྐབས་སུའང༌། ཁྱད་པར་འཕགས་པའི་བོན་མོ་བཅུ་གཉིས་ 5 ཙམ་བཞུགས་ཡོད་པའི་ལོ་རྒྱུས་འདི་དག་ལ་ད་དུང་དཔྱད་ཞིབ་མུ་མཐུད་གནང་ན་ལོ་རྒྱུས་ཀྱི་བརྙན་ཕྲིན་གསར་པ་ཞིག་མཐོང་ཐུབ་པར་ངེས།

Saturday, June 12, 2010

postheadericon རྒྱལ་བ་མཉམ་མེད་ཆེན་པོའི་མཛད་རྣམ་ཉུང་བསྡུས།

རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི་སྔོན་བྱོན་སྐྱེས་ཆེན་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ས་གནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་རབ་བརྟན་རྒྱལ་པོའི་མངའ་ཁུལ་ས་གནས་སྟེགས་སྐྱོགས་ཞེས་པར་ཡབ་དབྲ་རིགས་བོན་པོ་ཀླུ་རྒྱལ་དང་ཡུམ་མཁའ་འགྲོའི་མཚན་རྟགས་ཅན་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་༼༡༣༥༦༽ལོའི་དཔྱིད་ཟླ་ར་བའི་ཚེས་ལྔ་ཉིན་འགྲོ་བ་མི་ཡི་ཆ་ལུགས་ཀྱི་ཚུལ་བཟུང་ནས་སྐུ་མཆོག་མངོན་པར་བལྟམས། 
རྗེ་ཉིད་སྐུ་ན་ཆུང་བའི་དུས་སུའང་སྔོན་གྱི་ལས་འཕྲོ་བཟང་པོའི་ཉེར་ལེན་ལ་བརྟེན་མཁྱེན་རྟོགས་ཧ་ཅང་གསལ་བ་དང་ཐུགས་རིག་ཤིན་ཏུ་རྣོ་བས་འཕྲུལ་ཆེན་ཡིག་འབྲུ་སུམ་ཅུ་མ་བསླབ་རང་རྡོལ་དུ་མཁྱེན་ཅིང༌། འབྲི་ཀློག་དང་བརྡ་སྦྱོར་སྙན་ངག་མོ་རྩིས་གཏོ་དཔྱད་བཅས་རྒྱུ་ཡི་བོན་བཞི་ཕྱོགས་ཙམ་གསན་པས་ཕུལ་དུ་ཕྱིན་པ་བྱུང༌།
དགུང་གྲངས་བཅུ་པ་ཤིང་སྦྲུལ་ཕྱི་ལོ་༼༡༣༦༥༽ལོར་སྲིད་པའི་ཕུན་ཚོགས་ལ་ཞེན་པ་གཏིང་ནས་ལོག་སྟེ། བཤེས་གཉེན་དམ་པ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་མདུན་ནས་རིམ་བཞིན་བསྙེན་གནས་དང་དགེ་བསྙེན་གཙང་གཙུག་བཅས་ཀྱི་སྡོམ་ཁྲིམས་བཞེས་པས་ཚུལ་མིང་ཤེས་རབ་རྒྱལ་མཚན་ཞེས་གསོལ། དེ་ནས་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ་ཞེས་ཡོངས་སུ་གྲགས་པའི་གདུང་རྒྱུད་རྒྱལ་པོ་ཆེ་ལྔའི་ནང་ཚན། རྒྱལ་བ་བྲུ་ཡི་གདན་ས་ཆེན་མོ་དཔལ་ལྡན་གཡས་རུ་དབེན་ས་ཁའི་གདན་རབས་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་མཉེས་པ་གསུམ་གྱིས་གཙུག་ཏུ་བཀུར་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མནོས།
དགུང་གྲངས་སོ་གཅིག་མེ་སྟག་ཕྱི་ལོ་༼༡༣༨༦༽ལོར་རྨད་འབྱུང་འདུལ་བ་འཛིན་པ་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ཀྱི་དྲུང་ནས་ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་རྫོགས་པར་བཞེས་ཤིང་གཡུང་དྲུང་བོན་གྱི་བསྟན་པའི་འདུ་གནས་ཆེན་པོ་གཡས་རུ་དབེན་ས་ཁར་སྒྲིག་ཞུགས་གནང་རྗེས་གདན་ས་འདིའི་ཟུར་བཤད་ཀྱི་མཁན་པོའི་འཕྲིན་ལས་བསྐྱངས། དམ་པ་ཁོང་ནི་གཞུང་ལུགས་དང་གྲུབ་མཐའ་ཕྱོགས་རེ་བའི་མཁས་གྲགས་འབར་བ་ཙམ་མིན་པར། རང་གཞན་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པ་སྟེ། རང་གི་གཞུང་ལུགས་ལ་གསན་བསམ་གནང་རིམ་གོང་སྨྲས་ལྟར་ལ། གཞན་གྱི་གཞུང་ལུགས་ལའང་ཐོས་བརྩོན་གནང་བ་ནི་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་གསལ་བྱེད་མཐོང་བའི་དགའ་སྟོན་ལས། ན་ལེན་ཏྲ་རུ་རོང་སྟོན་ཆེན་པོའི་དྲུང༌། །མཚན་ཉིད་རྒྱུ་ཡི་སྒྲོ་འདོགས་གཅོད་པའི་དུས། །བཀའ་སྡེ་བཅུ་པོར་འགྲན་པའི་ཟླ་བྲལ་བའི། །རབ་འབྱམས་ཆེན་པོར་གྲགས་པའི་མཉམ་མེད་པ། །ཞེས་གསུངས་པ་ལྟར། དབུས་ཀྱི་ན་ལེན་ཏྲར་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི་སྤྱན་སྔར། གཞུང་མཚན་ཉིད་པོད་ཆེན་དྲུག་དང༌། གྲངས་ཅན་བཅོ་བརྒྱད་ལ་མཁས་པར་སྦྱང་སྟེ། དཔལ་ལྡན་གསང་ཕུག་ནེའུ་ཐོག་གི་བཤད་གྲྭ་ཆེན་པོར་གྲྭ་སྐོར་མཚན་ཉིད་རབ་འབྱམས་ཆེན་པོའི་མཚན་རྟགས་བཞེས་པར་མ་ཟད། དབུས་གཙང་གི་གྲྭ་ས་ཆེ་ཁག་རྣམས་སུ་བྱོན་ནས་རྩོད་པའི་དམ་བཅའ་རྣམ་པར་བཞག་སྟེ། སྒྲུབ་དང་སུན་འབྱིན་གྱི་གནད་ཕྱིན་ཅི་མ་ལོག་པའི་ལུང་རིག་གནམ་ལྕགས་ཐོག་མདའ་ལྟ་བུའི་ཕས་རྒོལ་གྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་བྲག་རི་མངོན་པར་བཅོམ་ནས། སུས་ཀྱང་འགྲན་པའི་ཟླ་དང་བྲལ་བར་གྱུར།
ཕྱི་ལོ་༼༡༤༠༥༽ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་བཀྲ་ཤིས་སྨན་རིའི་དགོན་སྡེ་ཆེན་པོ་གསར་འཛུགས་གནང་ཞིང་ཁང་ཚན་བཅུ་གཉིས་དང་གྲྭ་ཤག་དྲུག་ཅུའྀ་བཀོད་པ་རྫུ་འཕྲུལ་གྱི་མཐུས་སྐད་ཅིག་ཏུ་གྲུབ་པར་མཛད་ཅིང༌། ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་བསྒྲུབ་སྟེ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པའི་སྲོག་ཤིང་བཟུང་བར་མ་ཟད། མདོ་སྔགས་ཕྱི་ནང་གསང་གསུམ་གང་ལ་གང་འོས་ཀྱི་འགྲེལ་དང་ཆ་ལག་མ་མཛད་པ་ཕལ་ཆེར་མེད་པའི་ཚད་ཙམ་གྱི་ནང་ནས། ཕྱི་མཚན་ཉིད་སྡེ་ལྔའི་སྐོར་ལས་སྲིད་པ་ཀུན་འབྱུང་མཛོད་ཀྱི་སྡེ་ལ། ༼མཛོད་འགྲེལ་གསལ་བྱེད་འཕྲུལ་གྱི་སྒྲོན་མ་ས་བཅད་དང་བཅས་པ།༽ ཏིང་འཛིན་དག་པ་མདོ་ཡི་སྡེ་ལ། ༼ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་༽དང༌། ༼ས་ལམ་གྱི་རྣམ་བཤད་འཕྲུལ་གྱི་སྒྲོན་མ་རྩ་འགྲེལ་གཉིས།༽ ཤེས་རབ་དག་པ་འབུམ་གྱི་སྡེ་ལ། ༼ཤེར་ཕྱིན་རྒྱས་འབྲིང་སྡུས་གསུམ་གྱི་རྩ་བ་ཁམས་བསྡུས་ཚིགས་བཅད་མའི་འགྲེལ་བ་གསལ་བའི་སྒྲོན་མ་ས་བཅད་བཅས་པ།༽ ཚུལ་ཁྲིམས་དག་པ་འདུལ་བའི་སྡེ་ལ། རྗེ་བཙུན་ཡར་མེ་བས་མཛད་པའི་༼འདུལ་བ་མདོར་སྡུས་དང་ཀུན་བཏུས་གཉིས་ཀའི་འགྲེལ་བ་ས་བཅད་དང་བཅས་པ།༽  ༼ལས་ཆོག་རིན་ཆེན་ཐེམ་སྐས་གསོ་སྦྱོང་དང་བཅས་པ།༽  ༼འདུལ་ཕྱག་རྒྱས་བསྡུས་གཉིས།༽ གཞལ་བྱ་དབུ་ཚད་རིག་པའི་སྡེ་ལ། ༼དབུ་མ་བདེན་གཉིས་ཀྱི་འགྲེལ་བ་༽དང༌། ༼ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མའི་གཞུང་དང་རང་འགྲེལ།༽ དེ་རྣམས་ཀྱི་བསྡུས་དོན་དང་རྩོད་སྤང་གི་ཐལ་འཕྲེང་ལ་སོགས་དུ་མ་མཛད། སྔགས་སེམས་ཀྱི་སྐོར་ལ། ༼བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ས་བཅད་དང་བཅས་པ།༽ ཁྱད་པར་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་དགོངས་དོན། ༼གསང་སྔགས་ཀྱི་གནད་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་གསང་དོན་རྣམ་འབྱེད་འཕྲུལ་སྒྲོན་མེ་༽བཅས། བསྟན་པའི་གསལ་བྱེད་དུ་རྗེས་བཞག་གནང་ཞིང་དགོན་པའི་ཕྱི་ནང་གི་སྒྲིག་སྲོལ་ཐམས་ཅད་རྣམ་དག་འདུལ་བཟང་ཆེན་མོའི་བསླབ་ཁྲིམས་ཀྱི་བཅའ་གཞི་ལྟར་གཏན་འབེབས་རྒྱུན་སྐྱོངས་གནང་བས་གངས་ཅན་བསྟན་པའི་མིག་རྒྱན་ཉག་ཅིག་ཏུ་གྱུར་པ་བཅས་ཡིན་ལུགས་ཀྱི་རྣམ་ཐར་ཟུར་ཙམ་མོ།།
མུ་ཙུག་སྨར་རོ།

postheadericon སུམ་གླང་གྱིམ་ཤོད་ཡུལ་གྱི་རྟོགས་བརྗོད་སྐྱ་རེངས་འོད་ཀྱི་འཛུམ་ཟེར།

མཐའ་དགུ་སྤྲོས་བྲལ་དབྱིངས་ཆེན་འབྱམས་ཡས་ཀྱི་ཀློང་དུ། །
རིག་སྣང་གདོད་མའི་མགོན་པོ་ཀུན་བཟང་གི་ངོ་བོ། །
སྙིང་རྗེ་བདུད་རྩི་རྒྱ་མཚོའི་རོལ་གར་དུ་བསྒྱུར་ཞིང༌། །
འདུ་འཕྲོ་འོད་ཟེར་འཁྱིལ་བའི་ངོ་མཚར་འདི་རྨད་དོ། །

གོང་དེའི་རྣམ་སྤྲུལ་ཐུགས་ཀྱི་རོལ་མཚོ་ཡི་ངོགས་ལས། །
འཁྲུངས་པའི་རླབས་ཕྲེང་རིན་ཆེན་སྒོང་བཞི་ཡི་ལང་ཚོ། །
འཆི་མེད་དགའ་ཚལ་ཞང་ཞུང་ཁ་ཡུག་གི་ཡུལ་དུ། །
རྨད་བྱུང་ས་ཡི་ཐིག་ལེའི་མཛེས་རྒྱན་དུ་བབས་སོ། །

དེ་ཚེ་སྲིད་གསུམ་ལྡིར་བའི་ངོ་མཚར་དང་ཆབས་ཅིག །
མ་བསྐྱིལ་རང་འབྱུང་གཡུ་གཞོན་ནོར་བུ་ཡི་བླ་མཚོ། །
མ་བརྩེགས་གསས་ཁང་གཡུང་དྲུང་འོད་འཕྲོ་དང་བཅས་པ། །
རྩ་གསུམ་དུམ་བུར་ཆད་པའི་དགེ་མཚན་དུ་བརྟས་སོ། །

ལྷུན་གྲུབ་རང་འབྱུང་དབྱིག་གི་སྒོང་བཞི་ཡི་ནང་ནས། །
ལྟ་བས་ངོམས་པ་མེད་པའི་མཚན་ལྡན་གྱི་ཁྱེའུ་བཞི། །
རྫུ་འཕྲུལ་གར་བཅས་ཞབས་ཀྱི་འཁོར་ལོ་དེ་བསྒྱུར་ཚེ། །
ཁྱུང་པོའི་མཚན་སྙན་ཕྱོགས་ཀྱི་རྒྱལ་རྔ་དེ་བརྡུངས་སོ། །

སུམ་གླང་གྱིམ་ཤོད་དབྱིག་ལྡན་གོ་ལ་ཡི་ཁྱོན་དུ། །
ཁྱུང་སྲས་མཆེད་བཞིའི་པད་སྡོང་ཁོ་ལག་དེ་རྒྱས་པས། །
དཀར་ནག་སེར་གསུམ་འོད་ཟེར་དྲྭ་རྒྱ་ཡི་ཀློང་ནས། །
གདུང་རབས་ལང་ཚོའི་པད་དཀར་འདབ་མ་དེ་བཞད་དོ། །

དེ་འདྲའི་སུམ་རྩེན་གཉིས་པའི་གྲོང་ཁྱེར་གྱི་ཞིང་འདིར། །
དབུས་ན་ཁྱུང་དཀར་ཞེས་བྱའི་ལྷ་སྡེ་ཡི་པང་དུ། །
ལྷ་སྲས་བུ་རྟའི་ལང་ཚོ་མཁའ་དབྱིངས་སུ་འཕྱོ་ཚེ། །
ས་འཛིན་གངས་དཀར་ཁྲོས་པའི་ངང་ཚུལ་དེ་ཁེགས་སོ། །

སྟོད་དུ་ཁྱུང་སེར་གཉན་ཆེན་ནོར་འཛིན་གྱི་ཕང་བར། །
རྩལ་ལྡན་གསེར་མདངས་འཁྱུད་པའི་བུ་རྟ་ཡིས་ཁེངས་ཚེ། །
རྒྱ་བྱིན་ཧད་དེ་ལག་གི་བྱ་ར་ཞིག་བྱས་རྗེས། །
མྱུར་མོར་ཆུ་ལྷའི་ཕག་ཏུ་ཡིབ་བྲོས་དེ་བྱས་སོ། །

སྨད་ན་ཁྱུང་ནག་ཀླུ་དབང་དར་དཀར་གྱི་ཁུད་དུ། །
དབྱིག་ལྡན་སྤྱི་ཆིངས་གྱད་ཀྱི་གཤོག་དྲུག་དེ་རྒྱས་ཚེ། །
ཕྱོགས་ཀྱི་མིག་སྟོང་བགྲད་ཅིང་མཚན་སྙན་གྱི་བ་དན། །
ཤར་མཐའི་སྐྱ་རེངས་དགོད་ལ་ཅོ་འདྲི་ཞིག་འགྲན་ནོ། །

རྩེ་དྲུག་ལྷུན་གྲུབ་གཡུ་སྟེང་བུམ༵་བཟང༵་གི་ཚལ་དུ། །
གྲུབ་ཐོབ་རིག་འཛིན་རྒྱུད་པའི་རྩི་བཅུད་ཀྱིས་གཏམས་ཚེ། །
གདོས་བཅས་འབྱུང་བཞི་འཁྲུགས་པའི་སྲོག་ལྡན་གྱི་ལུས་ལ། །
འཚོ་བྱེད་སྦྱིན་བརྒྱ་འབྱེད་འདི་ཨེ་མ་རང་རྨད་དོ། །

མི་ཤིགས་གཡུང་དྲུང་དཔལ་གྱི་རྒྱལ༵་མཚན༵་གྱི་རི་བོར། །
ཉམས་རྟོགས་བརྒྱུད་འཆང་གསེར་གྱི་དྲང་ཤིང་དེ་བཙུགས་པས། །
བོན་ཁྲིམས་ལྷ་དར་དཀར་པོའི་མདུད་རྒྱ་དེ་བསྡམ་ཞེས། །
ཀུན་གྱིས་གྲགས་པའི་གསུང་དབྱངས་དུས་གཅིག་ཏུ་བསྒྲགས་སོ། །

གནས་ཆེན་རི་འདུས་སྒྲ་རྒྱལ་གསུང་དབྱངས་ཀྱི་རང་སྒྲ། །
མ་བོས་སུམ་པ་གླང་གི་ཡུལ་གྲུ་རུ་ལྡིར་ཚེ། །
ཐོས་འཛིན་བུ་ག་ཟུང་ལྡན་དད་བརྩོན་གྱི་སྐྱེ་བོས། །
ཕྱག་རྒྱའི་པད་དཀར་ཐུགས་ཀྱི་དཀྱིལ་ཤད་ནས་དྲངས་སོ། །

ཐུགས་རྟེན་བང་བཀྲ་རིན་ཆེན་དཔལ༵་དབྱེ་ཡི་རང་གཟུགས། །
སྒེག་ལྡན་འཛིན་མའི་ཟུར་གྱི་རྣ་ཆ་དེ་སྤྲས་ཚེ། །
ལྷོ་མཐའི་མགྲོན་པོ་སྲེད་ལྡན་ཨར་པ་ཡི་དཔུང་ཚོགས། །
ཐོབ་རེའི་འགྲམ་ཆུ་ལན་གཅིག་ལྡང་བ་རང་མིན་ནམ། །

ངོ་མཚར་པད་ནེ་རི་བཀྲའི་གསེར༵་གཤོག་དེ་བཀྲབ་སྟེ། །
ཁྱུང་ཡུལ་མ་གྲོས་རླབས་ཀྱི་མཚོ་མོ་དང་འགྲོགས་ཚེ། །
ཡ་རབས་གཅིག་རྒྱུད་ཞང་ཞུང་ཁ་ཡུག་གི་མི་རྣམས། །
རྨད་བྱུང་རི་དབང་སྤ་བའི་མཛེས་རྒྱན་དུ་ལོས་བཏེགས། །

མདོ་ཁམས་གསེར་རིའི་རྩིབས་སྟོང་རིན་ཆེན་གྱི་འཁོར་ལོ། །
མ་བསྐོར་གྱིམ་ཤོད་དགའ་བའི་སྙིང་ནོར་དུ་སྤྲོས་ཚེ། །
ཤར་མཐའི་མཚམས་སྤྲིན་ལས་འོང་གསེར་མདངས་ཀྱི་ཉི་གཞོན། །
ངོ་ཚའི་བཞིན་རས་ནོངས་འདི་ཡ་མཚན་ཞིག་ཆེའོ། །

ཡིད་འོང་ཟང་བྲག་རིན་ཆེན་པད༵་མ་ཡི་ཚལ་དུ། །
རྣལ་འབྱོར་བུང་བ་དགྱེས་པའི་མགུར་གླུ་དེ་བཞེངས་ཚེ། །
བློ་གསལ་འདབ་རྒྱ་གྲོལ་བའི་བཀའ་ལུང་གི་རྩི་བཅུད། །
སྔར་མེད་གཏེར་ནས་དྲངས་ཞེས་གྲགས་དཀར་ཞིག་ལྡིར་རོ། །

རབ་མཛེས་སྤུ་རྒྱལ་གདུག༵ས་དཀ༵ར་མཁའ་དབྱིངས་སུ་བསྒྲེངས་ཏེ། །
ལུགས་གཉིས་རྟག་བརྟན་གསེར་གྱི་ཏོག་ཆེན་དེ་བཙུགས་པས། །
སྲིད་གསུམ་དྲག་ཏུ་གཡོ་བའི་དགེ་མཚན་གྱི་ང་རོ། །
ཕྱོགས་ཀྱི་རྔ་བོ་མ་ལུས་དུས་གཅིག་ཏུ་བརྡུངས་སོ། །

དེ་འདྲའི་རྟགས༵་བརྒྱ༵ད་རིས་འཁྱུད་ཕུལ་བྱུང་གི་ལང་ཚོ། །
ཡོངས་རྫོགས་མེས་པོའི་ཕ་གཞིས་ཞང་ཞུང་གི་ཡུལ་གྲུར། །
ས་མཐའི་བུ་ཆུང་བདག་གི་ལྟེ་ཁྲག་དེ་འཕོས་ཕྱིར། །
ཕྱི་བལྟས་བྱེད་བཞིན་རྟོགས་བརྗོད་འཛུམ་བརྡ་འདི་ཤོར་སོང༌། །
Saturday, June 5, 2010

postheadericon འཛམ་གླིང་སྟེང་གི་ཐོག་མའི་རིག་མཛོད་འཕྲུལ་ཆས།

པའོ་ཤ་ལི། གྷ་གྷུ་ལི་ཡིས་བརྩམས།
ཞང་ཞུང་པས་བོད་བསྒྱུར་ཞུས།
གལ་སྲིད་ཁྱེད་རང་གིས་དེང་བཀོལ་སྤྱོད་ཆེ་བའི་རིག་མཛོད་འཕྲུལ་ཆས་འདི་ཉིད་ཐོག་མར་ག་དུས་བཟོས་པའི་སྐོར་མང་ཙམ་མཁྱེན་འདོད་ཡོད་ན་རྩོམ་ཐུང་འདིའི་ལམ་ནས་ཁྱེད་ཉིད་ལ་འོད་སྟོང་ལྡན་པའི་གོ་རྟོགས་ཕྲན་བུ་ཞིག་སྐྱེ་བའི་རེ་བ་ཡོད།
དེ་ལྟར་མི་ཉུང་ཤས་ཞིག་གིས་རིག་མཛོད་འཕྲུལ་ཆས་འདི་ཉིད་ག་དུས་བཟོས་མིན་སྐོར་ལ་དངོས་གནས་མཁྱེན་འདོད་ཤག་རེད། འོན་ཀྱང་དེ་དག་ཁོ་ཚོའི་ཁེ་དབང་སོགས་ཀྱི་ཆེད་དུ་གཏན་ནས་མིན། འདི་བཞིན་དཔྱད་བརྗོད་འདི་དག་འཛམ་གླིང་ཤེས་ཡོན་གྱི་སྒོ་མོ་གསར་དུ་ཕྱེས་པའི་སྙིང་རུས་ཅན་དེ་དག་གི་ཆེད་དུ་ཡིན། ང་ཚོ་མི་ཡི་རིགས་རྣམས་ཀྱིས་མཁྱེན་གསལ་ལྟར་དེང་གི་དུས་དེར་རིག་མཛོད་འཕྲུལ་ཆས་འདི་ཉིད་འཛམ་གླིང་གི་འཁོར་མོ་ཡུག་ཏུ་ཁྱབ་ཅིང༌། གལ་སྲིད་ཉིན་ཞིག་འཛམ་གླིང་གི་རིག་མཛོད་འཕྲུལ་ཆས་ཡང་རྫོགས་འགག་པ་ཡིན་ན་མི་རྣམས་ཀྱི་ལས་ཀའང་ཡོངས་རྫོགས་དུས་གཅིག་ཏུ་འགག་འགྲོ་བ་ཐེ་མི་ཚོམ།
ད་འདི་ནས་མར་ལ་རིག་མཛོད་འཕྲུལ་ཆས་འདི་ཉིད་ག་དུས་འགོ་བརྩམས་པའི་སྐོར་ལ་གླེང་གི་ཡིན། བཀོད་བྱུས་ཀྱི་རྩ་འཛིན་ལ་གཞི་བཞག་པ་ཡིན་ན། རིག་མཛོད་འཕྲུལ་ཆས་ཟེར་ན་ལས་གཞིའི་ལས་སྟར་ཁག་ཚོད་འཛིན་བྱེད་མཁན་གྱི་འཕྲུལ་ཆས་ཞིག་ཡིན།
ཕྱི་ལོ་ ༡༨༣༧ ལོར ཆར་ལིསི། སྦ་སྦ་ཇི། ཟེར་བའི་མི་ཞིག་གིས་ཐོག་མར་འདི་ལྟ་བུའི་བྱེད་སྒོ་ཞིག་གི་སྐོར་ལ་བསམ་བློ་འཁོར་བ་རེད། དེ་ནས་རིམ་པར་ཁོང་གིས་ལས་དོན་དེ་དག་ལ་ཧུར་བརྩོན་གནང་པས་མཐར་ལས་འཆར་གྱི་ཇུས་བཀོད་ཚང་བའི་འཕྲུལ་ཆས་ཞིག་བསྐྲུན་ནས་ཁོང་གིས་དེ་ལ་༼དཔྱད་ཞིབ་འཕྲུལ་འཁོར་གྱི་མ་ལག༽ ཅེས་བཏགས། འོན་ཀྱང་དཔལ་འབྱོར་སོགས་ཀྱི་ཚད་གཞི་ངེས་ཅན་དགོས་པ་དང་རིམས་པར་བྱུས་བཀོད་སོགས་ཇེ་ལེགས་སུ་གཏོང་དགོས་པ་སོགས་དཀའ་ངལ་མང་དག་ཞིག་གིས་ཁོང་གིས་དཔྱད་ཞིབ་འཕྲུལ་ཆས་ཀྱི་མ་ལག་དེ་ཉིད་མི་མཐུད་འཇུག་སྐྱོང་གནང་མ་ཐུབ།
དེ་རྗེས་ཕྱི་ལོ་ ༡༩༤༡ ལོར་ ཀོན་རཱཌ། ཛུ་སེ། ཟེར་བའི་མི་ཞིག་གསར་གཏོད་ཀྱི་འཐབ་ར་དེའི་ནང་དུ་ཞུགས་ནས་ཁོང་གིས་ཀྱང་རིག་མཛོད་འཕྲུལ་ཆས་ལྟ་བུ་ཞིག་གསར་གཏོད་གནང་འདོད་སྐྱེས་ནས་གློག་ཤུགས་འཕྲུལ་ཆས་༼z འཕྲུལ་ཆས་སམ་༽༼z3༽ ཞེས་པ་སོགས་གསར་བཟོ་བྱས། འཕྲུལ་ཆས་དེ་དག་བཟོ་དབྱིབས་དང་ཤུགས་ཚད་གཉིས་ལྡན་ཁར་རྩིས་རིགས་ཀྱི་ལས་འཆར་སོགས་ཚུད་ཐུབ་པའི་ནུས་པ་ཅན་ཞིག་ཡིན།
ENIAC དང་དེའི་ལས་ཀ་བྱེད་ཕྱོགས།
ཕྱི་ལོ་ ༡༩༤༡ ནས་བརྩིས་པའི་ལོ་ལྔ་ཡི་རྗེས་སུ་༼ENIAC༽ཨང་རྩིས་རིག་པའི་གློག་རྡུལ་རིག་མཛོད་འཕྲུལ་ཆས་ཞེས་པ་ཞིག་བཟོ་བསྐྲུན་བྱས། དེ་སྐབས་ཆེས་རྣོ་ངར་ཅན་གྱི་གསར་གཏོད་ཀྱི་འགྲན་རྩོད་ཁྲོད་དུ་དེའི་ཁ་གཏད་ཀྱི་ལེགས་སྐྱེས་ཚུལ་དུ་ཕྱི་ལོ་ ༡༩༤༦ ལོར་ ཨ་ཊཱ་ནཱ་སོཕ། བྷེ་རིའི་རིག་མཛོད་འཕྲུལ་ཆས་ཞེས་པ་ཞིག་ཀྱང་གསར་ཐོན་བྱུང་ཡོད།  གོང་གི་༼ENIAC༽ ཞེས་པ་དེ་ནི་རིག་མཛོད་འཕྲུལ་ཆས་ཐོག་མ་ཞེས་འབོད་ཀྱི་ཡོད་པའི་ལྗིད་ཁོག་ལྡན་པའི་རྒྱུ་མཚན་དུ་མ་ཞིག་བགྲངས་ཀྱི་ཡོད་དེ། དཔེར་ན་གློག་ཆས་དེ་ནི་གྲངས་གནས་ཅན་གྱི་རིག་མཛོད་འཕྲུལ་ཆས་ཞིག་སྟེ། དེའི་ལས་འཆར་གྱི་མ་ལག་ཁག་གིས་སྐྱར་སྒྲིག་ཐོག་གོ་རིམས་ལྡན་པའི་སྒོ་ནས་རིག་མཛོད་འཕྲུལ་ཆས་ཀྱི་དཀའ་ངལ་རྣམས་སེལ་ཐུབ། འདི་ནི་ང་ཚོས་འཐུས་སྒོ་ཡོངས་སུ་ཚང་བའི་རིག་མཛོད་འཕྲུལ་ཆས་ཐོག་མ་དེ་རེད་ཅེས་བཤད་མི་ཐུབ་ནའང༌། གོང་གསལ་གྱི་ཆ་རྐྱེན་ཁག་འགའ་ཞིག་ཚང་བའི་རིག་མཛོད་འཕྲུལ་ཆས་སྔ་ཤོས་དེ་རེད་ཅེས་བཤད་ཆོག
༼ENIAC༽ཞེས་པ་དེའི་གཟུགས་དབྱིབས་དང་ཚད་གཞི་སོགས་དེང་རབས་ཀྱི་རིག་མཛོད་འཕྲུལ་ཆས་དང་བསྡུར་ན་ཆེས་ཆེ་བ་ཞིག་ཡིན། རོབ་རྩིས་ལྟར་ན་འཕྲུལ་ཆས་དེར་སྟོང་སང་སྦུག་སྣོད་ ༡༧༤༦༨ དང༌། བརྡ་སྐྱོར་གློག་རྒྱུན་ ༧༢༠༠ ། བརྒྱུད་གཏོང་མ་ལག ༧༠༠༠༠ མ་ལག་གནོད་འགོག་གདོང་ལེན་ཁག་ ༡༠༠༠༠ ། སྦྱོར་སྒྲིག་ལྷུ་ཚིག་འབུམ་ལྔ་ཙམ་ཡོད་པ་རེད། འོན་ཀྱང་དེའི་ལྗིད་ཚད་ནི་དེ་ཙམ་གྱིས་ཧ་ལས་པོ་ཞིག་མ་རེད་ལ། ཤོང་ཚད་ཀྱི་ཆ་ནས་བཤད་ནའང་ཀི་ལོ་ཝ་ཊ་ ༡༥༠ ཙམ་ཆོག་གི་ཡོད།
༼ENIAC༽ དང་ ༼Atanasoff-Berry༽
ཕྱི་ལོ་ ༡༩༣༩ ནང་ལོག་ལ་མི་ཚོས་ཨ་ཊཱ་ན་སོཕ། བྷེ་རི་ཞེས་པའི་རིག་མཛོད་འཕྲུལ་ཆས་དེ་བེད་སྤྱོད་བཏང་བཞིན་ཡོད་ཀྱང༌། ང་ཚོས་རྗོད་བཞིན་པའི་གནས་ཚུལ་ལྟར་དེའི་སྐབས་སུ་༼ENIAC༽ ཞེས་པའི་རིག་མཛོད་འཕྲུལ་ཆས་དེ་ཉིད་ཀྱང་དེ་སྔོན་ལྟར་རིག་མཛོད་འཕྲུལ་ཆས་ཐོག་མ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། གང་ལགས་ཞེ་ན་སྔོན་ཞུས་ལྟར་འདི་ཉིད་ཀྱི་མ་ལག་གང་མང་ཞིག་སྟེ་དཔེར་ན། གྲངས་ཚད་ཨང་རྟགས་དང༌། ནུས་ཤུགས་གསར་འབྱིན། ཤུགས་ཚད་དྲན་ཤེས་སོགས་ཀྱིས་ལས་ཀ་འཐུས་ཚང་སྔོན་ལྟ་མུ་མཐུད་བྱེད་ཐུབ་ཀྱི་ཡོད།
ལོ་གསུམ་གྱི་འཇུག་ལ་སྤྱིར་བག་ལ་ཞ་ཡོད་པའི་དབྱིན་ཇིའི་ནུས་ཤུགས་ཅན་གྱི་རིག་མཛོད་འཕྲུལ་ཆས་༼ENIAC༽ དེ་ཉིད་སྤྱི་ཚོགས་ཀྱི་ཁྲོད་དུ་མངོན་དུ་གྱུར་ཡོད། སྤྱིའི་ཆ་ནས་བཤད་ན་འཕྲུལ་ཆས་འདི་ཉིད་དེང་དུས་དང་མཚུངས་པར་མ་ལག་ཡོངས་སུ་ཚང་བའི་རིག་མཛོད་འཕྲུལ་ཆས་ཞིག་མིན་ནའང༌། འཛམ་གླིང་དམག་ཆེན་གཉིས་པ་སྐབས་སུ་ལྗར་མན་དམག་གི་གསང་ཨང་གནད་མིག་ཁག་གཏོར་རྒྱུར་བེད་སྤྱོད་བཏང་མྱོང་བ་ཞིག་ཡིན།
སྤྱིར་མི་མང་པོ་ཞིག་གིས་རིག་མཛོད་འཕྲུལ་ཆས་དེ་ཐོག་མར་སུས་བཟོས་མིན་ཐད་ལ་རྩོད་པ་མང་པོ་བྱས་དང་བྱེད་བཞིན་ཡོད་ཀྱང༌། ང་ཚོས་ངེས་པ་བརྙེད་པ་ཞིག་ནི་གོང་གི་ཨ་ཊཱ་ན་སོཕ། བྷེ་རི་ཞེས་པ་དེ་ནི་རྒྱུན་གཏན་གློག་རྒྱུད་རིག་མཛོད་འཕྲུལ་ཆས་ཀྱི་མགྱོགས་ཚད་ལྟར་གཏན་ནས་ལས་ཀ་བྱས་ཐུབ་མེད་ལ། དེང་དུས་རིག་མཛོད་འཕྲུལ་ཆས་ལྟ་བུའི་མདུན་ངོས་ཀྱི་འཆར་ཤེལ་སོགས་གང་ཡང་མེད་པས་མཐའ་མའི་ལས་ཀའི་གྲུབ་འབྲས་རྣམས་ཨང་ཀི་མང་པོ་ཞིག་སྒྲིག་རྗེས་ཤོག་བྱང་ཞིག་གི་ཐོག་འཆར་ཐུབ་པ་ཙམ་རེད། དེ་ཕྱིར་གོང་གི་དཔྱད་ཞིབ་འཕྲུལ་འཁོར་གྱི་མ་ལག་ཅེས་པའམ་རྗེས་སུ་འཕེལ་རྒྱས་ཕྱིན་པའི་༼ENIAC༽ དེ་ཉིད་ད་ལྟ་ང་ཚོའི་བེད་སྤྱོད་གཏོང་བཞིན་པའི་རིག་མཛོད་འཕྲལ་ཆས་ཀྱི་མེས་པོ་ཞིག་ཡིན་ཞེས་སྨྲ་ཆོག་སྙམ།
རིག་མཛོད་འཕྲུལ་ཆས་སྐོར་ལ་རྩོམ་ཐུང་འདིའི་རིགས་སྤྱིར་རྒྱལ་སྤྱིའི་འཛིན་རིམ་དགུ་པ་ནས་སློབ་མའི་སློབ་དེབ་སོགས་སུ་གསལ་གྱི་ཡོད་ཀྱང་བོད་ཡིག་ཏུ་ཆེས་མཐོང་དཀོན་པས་རྒྱུན་སྤྱོད་ཀྱི་ཤེས་བྱ་ཞིག་ཏུ་བསམ་ནས་བདག་གིས་ལས་ཀའི་བར་སེང་དུ་བོད་བསྒྱུར་ཞུས་པ་ཡིན།


Charles Babbage (25 December, 1791-18 October, 1871) ཁོང་ནི་རིག་མཛོད་འཕྲུལ་ཆས་ཀྱི་སྲོལ་འབྱེད་ཅེས་འབོད་ཀྱི་ཡོད་ལ་མ་ལག་རང་འགུལ་ཅན་གྱི་རིག་མཛོད་འཕྲུལ་ཆས་ཀྱི་ཐོག་མའི་ཇུས་འགོད་པ་ཞིག་ཀྱང་རེད། ཁོང་གི་ཐོག་མའི་ལས་འཆར་དེ་འཇུག་སྐྱོང་མ་ཐུབ་ཀྱང་ཕྱི་ལོ་ ༢༠༠༢ ལོ་སྟེ་ལོ་ ༡༥༣ རྗེས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་སྐྱར་བསྐྲུན་ལེགས་སྒྲུབ་ཐུབ་ཡོད། འོན་ཀྱང་འགྲིམ་སྟོན་གྱི་ཚུལ་དུ་ལས་ང་ཚོས་བེད་སྤྱོད་གཏོང་དགོས་ཀྱི་མེད་པ་རེད།
 The Analytical Engine འཕྲུལ་ཆས་དེ་ནི་ཆ་ཤས་ ༨༠༠༠ ཙམ་དང༌། ལྗིད་ཚད་ལ་ཀི་ལོ་ ༥༠༠༠ དང༌། རིང་ཚད་ལ་ཕི་ཊི་ ༡༡ ཙམ་ཡོད།
 Konrad Zuse  འཛམ་གླིང་སྟེང་གི་རིག་མཛོད་འཕྲུལ་ཆས་ཀྱི་མ་ལག་བཟོ་བཀོད་པ་དང་པོ་དེ་ཡིན། ཁོང་གིས་ཕྱི་ལོ་ ༡༩༣༥ ལོ་ནས་ ༡༩༣༨ བར་ཐེངས་དང་པོར་འཛམ་གླིང་གི་རིག་མཛོད་འཕྲུལ་ཆས་ཀྱི་མ་ལག་ཛི་གཅིག་ཅེས་པ་དེ་བཟོས། ཕྱི་ལོ་ ༡༩༤༡ ལོར་འཛམ་གླིང་རིག་མཛོད་འཕྲུལ་ཆས་ཀྱི་དམིགས་བསལ་འཆར་འགོད་མ་ལག་ཐོག་མ་ཛི་གསུམ་པ་དེ་བཟོས། ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་རིག་མཛོད་འཕྲུལ་ཆས་ཀྱི་སྐད་ཡིག་འཆར་འགོད་ཚད་མཐོ་ཤོས་པི་ལན་ཨོ་ཀེལ་ཞེས་པ་ཞིག་བཟོས། ཕྱིས་སུ་མ་ལག་དེ་ཉིད་འཛམ་གླིང་རིག་མཛོད་འཕྲུལ་ཆས་ཀྱི་རྩེད་རིགས་འཆར་འགོད་ཐོག་མ་དེ་གྱུར་ཡོད། ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་རིག་མཛོད་འཕྲུལ་ཆས་ཀྱི་ཚོང་ལས་བཟོ་གྲ་ཐོག་མ་དེ་གསར་འཛུག་བྱས།
 Electronic Numerical Integrator and Computer བདག་གིས་ཚིག་འདི་ཨང་རྩིས་རིག་པའི་གློག་རྡུལ་རིག་མཛོད་འཕྲུལ་ཆས་ཞེས་བསྒྱུར་ཡོད། འོན་ཀྱང་དཔྱད་ཞིབ་པ་དག་གིས་ཚད་དང་ལྡན་མིན་དགོངས་དཔྱོད་ཡོང་བར་མཁྱེན།
Friday, June 4, 2010

postheadericon བཀྲིས་རྟགས་བརྒྱད་ཀྱི་སྐོར།

ཚངས་པ་ལ་སོགས་ལྷ་དང་ལྷ་མོ་རྣམས་ཀྱིས་སྔོན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་བཀྲིས་པའི་རྟགས་ཀྱི་བསྟོད་པ་ཕུལ་བས་དེའི་འབྲས་བུས་འཁོར་རྣམས་ཀྱི་སྡིག་སྒྲིབ་བྱང་བར་གྱུར། དེ་བཞིན་རང་ཉིད་ཀྱིས་མཆོད་ཡུལ་རྣམས་ལ་རྟགས་བརྒྱད་ཀྱི་མཆོད་པ་འབུལ་ན་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་འབྱང་བར་འགྱུར།
1) གདུགས། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཞིག་དབུ་ལ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་གྱུར།
2) གསེར་ཉ། གསེར་ཉ་གཡུ་ཡི་གཤོག་པ་ཅན་མཉེན་ཞིང་ལྕུག་པ་ཞིག་སྤྱན་ལ་ཕུལ་བས་ཤེས་རབ་ཀྱི་མིག་ཐོབ་པར་གྱུར།
3) པདྨ། དྲི་བཟང་རྣམ་པར་བཀྲ་བའི་མེ་ཏོག་པདྨ་ལྗགས་ལ་ཕུལ་བས་པདྨ་ལ་ཆུ་མི་ཆགས་པ་ལྟར་ཚེ་རབས་ཀུན་ཏུ་རྫུན་སྤངས་པའི་ཡོན་ཏན་ཐོབ་པར་གྱུར།
4) དུང་དཀར། བཀྲིས་པའི་ཆོས་དུང་གཡས་སུ་འཁྱིལ་བ་ཚེམས་ལ་ཕུལ་བས་རོ་བརྒྱ་བྲོ་བའི་མཆོག་ཐོབ་ཅིང་དུང་གི་ཚེམས་བར་ནས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པར་གྱུར།
5) བུམ་པ། འཆི་མེད་བདུད་བརྩིས་གང་བའི་བུམ་པ་ལ་དཔག་བསམ་གྱིས་བརྒྱན་པ་ཞིག་མགུལ་ལ་ཕུལ་བས་བུམ་པ་བཅུད་ཀྱིས་གང་བ་ལྟར་རང་རྒྱུད་དགེ་བས་ཁྱབ་ཅིང་གདུལ་བྱའི་རྒྱུད་ཚིམས་པར་གྱུར།
6) དཔལ་བེའུ། འཇའ་འོད་རང་བཞིན་ཅན་གྱི་དཔལ་བེའུ་ཐུགས་ལ་ཕུལ་བས་སངས་རྒྱས་ཀྱི་མཁྱེན་པ་གཏིང་དཔག་དཀའ་བའི་སྟོབས་རང་རྒྱུད་ལ་ཐོབ་པར་གྱུར།
7) རྒྱལ་མཚན། རིན་ཐང་བྲལ་བ་བསྟན་པ་མི་ནུབ་པའི་རྒྱལ་མཚན་སྐུ་ལ་ཕུལ་བས་ཕས་ཀྱི་རྒོལ་བ་དང་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་གྱུར།
8) འཁོར་ལོ། ཉོན་མོངས་པའི་རང་བཞིན་རྩད་ནས་གཅོད་པའི་འཁོར་ལོ་ཞབས་ལ་ཕུལ་བས་ཕ་རོལ་གྱི་གནོད་པ་ཐམས་ཅད་ཟིལ་གྱིས་ནོན་ཏེ་རྣམ་དཀར་གྱི་འཁོར་ལོ་ཡོངས་སུ་བསྐོར་བས་གདུལ་བྱའི་རྒྱུད་འདུལ་བར་གྱུར།

བསམ་གཞིགས།

ངས་ང་རང་ཉིད་འཛམ་གླིང་འདིར་སྐྱེས་པ་དེ་ཤེས་དགོས་ལ། སྐྱེས་ནས་འཛམ་གླིང་འདིར་རྐང་རྗེས་ཞིག་འཇོག་དགོས་པའང་ཤེས་དགོས།

སྡོང་གྲོགས།

ཀྱཻ། ཕྱོགས་བཅུ་འཇིག་རྟེན་མཐའ་དག་ན།

དམ་ཅན་ལྷ་སྲུང་ཁྱེད་རྣམས་ཉོན།

རིན་ཆེན་གསེར་བས་རིན་ཆེ་མེད། །

སྐྱེམས་འཕང་ཆང་བས་ངོ་ཆེ་མེད།

སངས་རྒྱས་བཀའ་བས་བདེན་ཆེ་མེད།

གཡུང་དྲུང་བོན་བས་སྟོབས་ཆེ་མེད། །

གཤེན་རབས་རྣམས་བས་མཐུ་ཆེ་མེད།

སེམས་ཀྱི་རྩལ་བས་མྱུར་བ་མེད།

དེ་རིང་གཤེན་གྱི་ཆང་བརྔན་གྱིས། །

རང་རང་བསྟན་པ་སྲུང་བར་མཛོད།

བོན་གྱི་སྡོང་གྲོགས་བོན་གྱིས་བྱེད། །

ཞང་ཞུང་པ།. Powered by Blogger.

ཟིན་བྲིས་གཙོ་གཉེར་བ་ཞང་ཞུང་པ།

ཟིན་བྲིས་གཙོ་གཉེར་བ་ཞང་ཞུང་པ།
ཞང་ཞུང་པ་ཞེས་པའི་དྲྭ་རྒྱ་གཙོ་གཉེར་བ་ནི། མཐོ་སྒང་སྦྲ་ནག་གི་ཐུ་འོག་ནས་ཚར་ལོང་བྱུང་ཞིང་ཤེས་རིག་གི་བདུད་བརྩི་ལྷོ་ མཐའི་ཡུལ་ནས་མྱོང་བའི་ཡུལ་གྱར་བ་ཞིག་ཡིན།

དུས་སྟོང་དུ་ངས་དགའ་ཤོས་བྱ་ཡུལ།

  • འཁྲབ་ཚན། སུན་ཙེན་དམག་དོན་བསྟན་བཅོས།
  • འཁྲབ་ཚན། གོང་མའི་ཨ་སྲུ་ཐེན་ཀུ་ཕྷ།
  • འཁྲབ་ཚན། ཆུ་ངོགས་གཏམ་རྒྱུད།
  • དཔེ་དེབ། ཀླུ་འབུམ་མི་རྒོད།
  • དཔེ་དེབ། ཤར་རྫའི་ལེགས་བཤད་མཛོད།
  • དཔེ་དེབ། མཁས་དབང་དཔལ་ཚུལ་གྱི་བསྟན་བྱུང།
  • དཔེ་དེབ། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།
  • དཔེ་དེབ། དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་ཅིག
  • དཔེ་དེབ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།

ཐུགས་རྗེ་ཆེ།

ངའི་ཟིན་བྲིས་སུ་ཕེབས་པར་དགའ་བསུ་དང་ཁྱེད་ལ་ནད་མེད་ཚེ་རིང་ཡོང་བའི་སྐྱེལ་མ་ཞུ། ཐ་ཚན་མུ་ཙུག་སྨར།