Sunday, June 27, 2010

postheadericon ལོ་ཙཱ་བ་ཆུང་ཚེ་རིང་ལགས་ཀྱི་བཀའ་དྲི་ལས་འཕྲོས་ཏེ་”རྒྱ་གར་”ཞེས་པའི་ཐ་སྙད་སྐོར་ལ་ཅུང་ཞིག་གླེང་བ།

ཁར་ཉིན་ངས་འཕྲུལ་སྒྲའི་དྲ་སྟེང་དུ་”རྒྱ་གར་”ཞེས་པ་བོད་སྐད་མ་རེད་ཅེས་པ་ཞིག་བྲིས་ཡོད་པར་བརྟེན། སྐུ་ངོ་མཆོག་ནས་བསམ་ཚུལ་གསར་པ་ཡིན་ན་ཟིན་བྲིས་སུ་བྲིས་ན་ལེགས་ཚུལ་གསུངས་པས། སྐུ་ངོ་མཆོག་གི་དགོངས་ཚུལ་དང་མཚུངས་པའི་བསམ་ཚུལ་གསར་པ་མིན་ཀྱང་ཅུང་ཞིག་འབྲི་ན་འདོད། སྤྱིར་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱ་གར་ཞེས་པའི་ཐ་སྙད་འགྲེལ་སྐབས། ’རྒྱ་’ནི་བོད་དབུས་སུ་བརྩིས་པའི་མཐའ་ཡི་རྒྱ་ན་གནས་པས་ན་དེ་ལྟར་དང། ‘གར་’གྱོན་གོས་དཀར་བའི་ཆ་ནས་དང་། ཡང་ན་བོད་ནས་ལོགས་སུ་’གར’་ནས་ཡོད་པས་’རྒྱ་གར་’ཞེས་འབོད་ཅེས་བཤད་ཡོད་ཡོད།
དེའང་བཤད་བྱ་གཙོ་བོ་”རྒྱ་གར་”ཞེས་པའི་ཐ་སྙད་དེ་རྒྱུ་མཚན་དང་ལོ་རྒྱུས་ལྡན་པའི་མིང་ཚིག་ཞིག་རེད་ཅེས་བཤད་ཆོག རྒྱུ་མཚན་ནི། རྒྱལ་ཁབ་ཅིག་གི་མིང་ཡིན་ན་ཕལ་ཆེར་འདྲ་འབྲེལ་སོགས་ཅི་རིགས་ལ་བཏགས་པར་ཁས་ལེན་ཐུབ་པ་ཞིག་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ཨརྱན་ (Aryan) རིགས་ཀྱིས་རྒྱ་གར་གྱི་མི་རྣམས་ཤ་མདོག་དང་སྤྱོད་ལམ་སོགས་ལ་བརྟེན་ནས་རིགས་བཞི་རུ་ཕྱེས་ཡོད་པར་བཤད། དེའང་”ཤུ་དྷ་ར”(Shudhra) རིགས་ངན་དང། “བྲཧམན” (Brahmin) ༼བོད་པས་འདི་ལ་”བྲམ་ཟེ་”ཟེར་ཡང་དོན་དུ་འདིའང་བོད་སྐད་མ་རེད།༽ གཙང་རིགས་སམ་ཡོན་ཏན་ཅན་གྱི་རིགས། “ཀཱཤ་ཏྲི་ཡ” (Kashtriya) དམག་གི་རིགས། “ཝེཤ་ཡ” (Vaishya) ཚོང་པའི་རིགས་བཅས་སུ་ཕྱེས། མི་རིགས་འདི་དག་གོང་དུ་ཨརྱན་རིགས་ཀྱིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་བཤད་རྒྱུ་ཡོད་པར་བརྟེན། ལོ་བརྒྱ་ཕྲག་མང་པོའི་གོང་དུ་ད་ལྟའི་རྒྱ་གར་འདི་ཉིད་ཀྱང་གོང་གི་ཨརྱན་རིགས་ཀྱི་སྟངས་འཛིན་འོག་ཏུ་གནས་ཡོད། སྤྱིར་ཐོག་མར་ཡུལ་གྱི་མིང་ལ་”སིན་དྷུ་” (Sindhu) སྟེ། ཆུ་བོ་ཆེན་པོ་སིན་དྷུའི་འགྲམ་ན་གནས་པས་ན་དེ་ལྟར་ཟེར། དེ་དང་མཚུངས་པར་ཨརྱན་གྱི་རིགས་རྣམས་ཐོག་མར་སིན་དྷུའི་རྒྱུད་ན་གནས་པས་མི་རིགས་ཀྱི་མིང་ལ་ཨརྱན་ཟེར་བར་སྣང།
ད་ནི་གོང་གི་”ཨརྱན་” ཞེས་པ་དེ་བོད་སྐད་དུ་ཇི་ལྟར་འགྱུར་ཚུལ་སྐོར་ལ་ཅུང་གླེང་ན། སྤྱིར་ལེགས་སྦྱར་སྐད་དུ་”ཨརྱ་” ནི་བོད་སྐད་དུ་”འཕགས་”ཞེས་གོ་བ་དང་། “ཨརྱན་” ནི་”འཕགས་པའམ་འཕགས་པའི་”ཟེར་བ་ཡིན། དཔེར་ན། “ཨརྱ་ཝར་ཏ” (Āryāvarta) ནི་འཕགས་པའི་ཡུལ་ཏེ་རི་བོ་ཧི་མ་ལ་ཡ་ནས་ཝིན་དྷ་ཡའི་རི་རྒྱུད་བར་གྱི་ཨརྱན་རྣམས་ཀྱིས་བདག་ཏུ་བཟུང་བའི་ཡུལ་ཞིག་ལ་གོ་ཞེས་བཤད་ཡོད། དེ་དང་འདྲ་བར་བོད་པས་ཀྱང་”འཕགས་ཡུལ་”ཞེས་འབོད་ཀྱིན་པ་རེད། བོད་སྐད་དུ་ཐོག་མར་ལོ་ཙཱ་བ་རྣམས་ཀྱིས་ཡུལ་གྱི་མིང་བྲིས་སྐབས་ཡུལ་དེའི་སྐད་དོད་དམ་ཡང་ན་ཡུལ་མིང་དེའི་གོ་དོན་ལ་གཞི་བཞག་ནས་བྲིས་ཡོད་པ་ལས་བོད་རང་གི་བརྡ་དག་དང་མཚུངས་པའི་མིང་ཞིག་ཕར་འདོགས་མི་སྲིད་པ་ལྟ་བུ་རེད། ད་ནི་འདི་ལྟར་ཏེ། ཐོག་མའི་བོད་ཀྱི་ཡིག་མཁན་རྣམས་ཀྱིས་དབུ་མེད་སོགས་ཀྱི་སྟེང་དུ་”ཨརྱ་” ཡང་ན་ “ཨརྱ་ཝར་ཏ” ཞེས་བྲིས། ཕྱིས་སུ་རིམ་པར་ཨརྱ་ཡི་”ཨ་” མེད་པར་གྱུར་ནས་”རྱ་” གཅིག་པུར་ལྷག དེའང་ཡིན་ཏེ་ལེགས་སྦྱར་སྐད་དུ་ཨ་སྲོག་མེད་དུ་འགྲོ་བ་ཆེས་མང་། གོང་གི་ར་ཡ་བཏགས་དང་ད་ཡ་བཏགས་གཉིས་དབུ་མེད་སོགས་ལ་འབྲི་ཚེ་སྐབས་སྐབས་སུ་ཤིན་ཏུ་ནས་དབྱེ་འགྱེད་དཀའ་བར་འགྱུར་འགྲོ་བས་རིམ་པར་’རྒྱ་གར་’ཞེས་འབྲི་ཚེ་ད་ཡ་བཏགས་རྒྱ་སྟེ་དཔེར་ན་”དྱ་གར”ལྟ་བུར་བྲིས་ཡོད་པ་གསལ་པོར་སྣང། ལྷག་པར་དབུ་མེད་དུ་”རྒྱ་”ཡི་འཚབ་ལ་”དྱ་”བྲིས་པ་མང་པོ་མཐོང་རྒྱུ་ཡོད་ལ། འབྲི་ཚེ་མགྱོགས་པ་དང་སླ་པོ་ཡོད་པས་ཡིན།
རྒྱ་གར་ཞེས་པའི་ཕྱི་མ་”གར་”ནི་གོང་ཞུས་ལྟར་དཀར་བའམ་ལོགས་སུ་གར་བར་འགྲེལ་ཡང། དོན་དུ་རང་གི་བསམ་ཚུལ་བྱས་ན་དེའང་བོད་སྐད་མིན་པའི་ཚོར་སྣང་བྱུང། རྒྱུ་མཚན་ནི་གོང་གི་”ཨརྱ་ཝར་ཏ་”ཞེས་པའི་ཕྱི་མ་”ཝར་ཏ་”ནི་”ཨ་ཝར་ཏ”ལས་བྱུང་སྟེ་གནས་ཁྱད་པར་ཅན་ལ་གོ ལེགས་སྦྱར་གྱི་”ཝ་”ནི་ཧོབ་ཏེ་བལྟ་ན་བོད་ཡིག་དབུ་མེད་ཀྱི་’ག་རྐང་པ་མེད་པ་’འདྲ་ཞིག་ཡོད་པས་”ཝར་””གར་”ལ་འགྱུར་མི་སྲིད་པ་མ་རེད་སྙམ། དེས་ན་བོད་པས་”རྒྱ་གར་”ཞེས་འབོད་པ་ནི་”ཨརྱ་ཝར་”ཞེས་འབོད་པ་དང་མཚུངས་ཀྱང་། ད་དུང་”འཕགས་ཡུལ་རྒྱ་གར་”ཞེས་བསྐྱར་ལྡབ་བྱེད་པ་ནི་ངལ་བའི་རྒྱུ་ལས་མ་འདས།
ད་འོ་ན་གོང་གི་རྒྱ་ཡི་འགྲེལ་བཤད་དེ་རྒྱ་ནག་གི་རྒྱ་ལ་ཁྱབ་བམ་མི་ཁྱབ་ཟེར་ན། དེའང་ཡིན་ཆོག་སྟེ་སྔོན་རྒྱ་ནག་ལའང་ཨརྱན་རིགས་ཏེ་འཕགས་པའི་སྡེ་གྲངས་ལས་འདས་པ་ཡོད་པས་སོ། ལར་བོད་པ་ཚོར་གཞན་གྱི་སྐད་དོད་དང་མཚུངས་པའི་མིང་མང་པོ་ཞིག་ཨུ་ཚུགས་ཀྱིས་དོན་ཅན་གྱི་མིང་རེ་འདོགས་དགོས་ན་མཁས་པོ་ཡོད་པ་རེད། དཔེར་ན་དེང་གི་ཆར་”མ་ན་ལི”ལ་’མུན་ནག་གླིང་’དང། “མེཀ་ལོཌ་གྷནཇ་” ལ་’མེ་ལྷ་དགའ་འཁྱིལ། ཡང་ན། མི་གླ་དགའ་སྐྱིད་’། “ཅའོ་ར་ཏར་” ལ་’རྐྱང་རུ་བསྟར་’། “མ་ཇ་ནུ་ཀ་ཊི་ལ་“ ལ་‘མ་བྱུང་ཊི་ལ་’སོགས་མང་པོ་བཏགས་ཡོད་། ངོ་མ་སྙན་པོ་དང་གོ་རྒྱུ་ཡོད་པ་ཞིག་མི་འདུག་པས།
འདི་ན་ཀུན་རྟོག་ཡིད་ཀྱི་སྒྱུ་འཕྲུལ་རྣམས། །
མ་སྦས་རང་སྣང་ལྷུག་པོར་བྲིས་པ་འདི། །
མཁས་པས་དཔྱོད་པའི་ཆ་རྐྱེན་མ་ལགས་ཀྱང། །
བདག་འདྲའི་བློ་དམན་རིག་ལམ་སྒོ་འགྱེད་ཡིན། །
མུ་ཙུག་སྨར་རོ

9 མཆན།:

Anonymous said...

དགོངས་ཚུལ་དེ་ཆ་ཚང་བཀླགས་པ་ཡིན། ངས་བལྟས་ན། རྒྱ་གར་གྱི་ཨརྱན་ཞེས་པའི་མི་རིཌ་དེ་བོད་ནས་བྱུང་བ་ཞིག་རེད་སྙམ། ཉེ་དུས་ཨརྱན་གྱི་རྒྱུད་པ་འཁྲུལ་མེད་ཡིན་ཞེས་བསྟན་པ་དེ་ཚོ་ཡང་། ཤ་མདོག་དང་གཟུཌ་ཚང་མ་བོད་མི་དང་འདྲ། དེ་ཡང་གངས་རིན་པོ་ཆེའི་ཕྱོཌ་ནས་རྒྱ་གར་ལ་མར་བབས་ཡོང་བ་ཞིག་རེད། རྒྱ་གར་བས་གངས་རིན་པོ་ཆེ་གནས་ཆེན་དུ་བརྩི་དོན་ཡང་དེ་ག་རེད། དེར་བརྟེན། རྒྱ་གར་ཞེས་པའི་ཚིག་འདི་ལ་ད་དུང་ཞིབ་དགོས།
ཆུང་ཚེ་རིང་ནས།

Anonymous said...

ཁྱོ་རང་གི་རྩོམ་དེ་བཀླགས་པ་ཡིན། ད་དུང་བྲམ་ཟེའི་སྐོར་དེ་གཅིག་འབྲི་ན་གང་འདྲ་འདུག

Anonymous said...

ཁྱོད་ཀྱི་རྩོམ་དེ་བཀླགས་པ་ཡིན། ད་དུང་བྲམ་ཟེའི་སྐོར་དེ་འབྲི་ན་གང་འདྲ་འདུག

ཞང་ཞུང་པ། said...

སྐུ་ངོ་ཆུང་ཚེ་རིང་ལགས། ངའི་ཟིན་བྲིས་སུ་ཕེབས་པར་དགའ་བསུ་ཞུ། བོན་པོ་ཕུད་པའི་དེ་མིན་གཞན་སྡེ་བ་རྣམས་ཀྱི་བོད་ཀྱི་ཆོས་དང་རིག་གཞང་གི་ཁུངས་ཡོད་ཚད་རྒྱ་གར་ལ་བཏུག་ཅི་ཐུབ་བྱེད་བཞིན་འདུག་ཀྱང། སྐུ་ཉིད་ཀྱིས་དེ་ལས་ལྡོག་སྟེ་བོད་ལ་ཚུར་བཏུབ་ཅི་ཐུབ་གནང་བ་ནི་དམིགས་བསལ་བ་ཞིག་རེད།

ཞང་ཞུང་པ། said...

མིང་མེད་སྐྱབས་ལགས། བྲམ་ཟེའི་སྐོར་དེ་འབྲི་ན་མ་འབྲི་ན་དོན་དག་"bhramain"ཟེར་བ་དེ་རང་རེད། ལེགས་སྦྱར་གྱི་སྐད་ལ་དེའི་སྒྲ་གདང་བ་ཕྱེད་ཀ་ལས་མེད་པས་ར་དེ་བ་ལ་ཡར་སྦྱར་བཞག་པ་འདྲ་བོ་ཞིག་ཀློག་དགོས་རེད། དེ་ལྟར་ཀླག་ཚེ་"བྲམ"རང་ཆགས་ཀྱི་རེད།

chungtse said...

ད་མཆན་འབྲི་ཐུབ་ཀྱི་འདུག རྒྱ་གར་གྱི་ཧིན་དུའི་ཆོས་ལུགས་ཀྱི་འདོད་ཚུལ་དང་བོན་ལུགས་ཀྱི་འདོད་ཚུལ་ལ་འདྲ་བའི་ཆ་ཡོད་སྟབས། དེ་སྔོན་བན་དེ་ཁག་ཅིག་གིས་བོན་ལུགས་ལ་མུ་སྟེགས་པའི་ཤན་ཞུགས་པའམ། མུ་སྟེགས་པའི་ཆོས་ལུགས་ཡིན་ཚུལ་གསུངས་ཡོད། ཞིབ་ཏུ་བསམས་ན། གོང་དུ་ཕྲན་གྱིས་ཨརྱན་མི་རིགས་སམ་འཕགས་པའི་མི་རིགས་དེ་བོད་ཀྱི་གངས་དཀར་ཏི་སིའི་ཁུལ་ནས་མར་བབས་ཡོང་བ་ཞིག་ཡིན་ན། ཧིན་དུ་དང་བོན་ལུགས་ལ་འདྲ་བའི་ཆ་ཡོད་པ་དེ་བོན་གྱིས་ཧིན་དུ་ནས་བླངས་པ་མ་ཡིན་པར། བོན་འཕེལ་རྒྱས་ཕྱིན་ཏེ་རྒྱ་གར་ནང་ཧིན་དུའི་ཆོས་དར་བ་ཡིན་པར་འགྱུར་གྱི་རེད། དེ་ཡང་རྒྱ་གར་བ་ཚོས་ཨརྱན་གྱི་བྱུང་སྟངས་བཤད་དུས། ཨརྱན་རྣམས་འབྲོག་པ་ཡིན་པ་དང་རི་མཐོ་ས་ནས་རྒྱ་གར་དུ་ཡོང་བ། ཤ་མདོག་དཀར་པོ་ཡིན་པ་བཅས་ཀྱི་ཁྱད་ཆོས་བགྲང་གི་འདུག ཁྱད་ཆོས་དེ་དག་ནི་ཏག་ཏག་བོད་མི་ལ་ཚང་ཡོད་ལ། ཧ་ལམ་བོད་མི་ལ་མ་གཏོགས་དེ་མིན་གྱི་རྒྱ་གར་གྱི་ཁྱིམ་མཚེས་ཁོངས། འབྲོག་པ་ཡིན་པ། ཤ་མདོག་དཀར་བ། རི་མཐོན་པོར་སྡོད་པའི་ཆ་རྐྱེན་གསུམ་འདི་ཚང་དཀའ་བ་རེད། དེ་རྒྱུ་མཚན་གཅིག་ཡིན། རྒྱུ་མཚན་གཉིས་པ། ཧིན་དུ་ཚོས་གངས་དཀར་ཏི་སི་དང་མཚོ་མ་ཕམ་པ་དེ་ཁོང་ཅག་གི་གནས་རྩ་ཆེན་ཞིག་ཏུ་བརྩི་གི་འདུག འབྱུང་ཁུངས་དེ་འདྲ་ཞིག་ལ་འབྲེལ་བ་མེད་ན་བཤད་སྟངས་དེ་འདྲ་ཞིག་ཡོང་དཀའ་བ་རེད། དེ་ནི་ཆུ་མགོ་གངས་ཐུག་ཀྱི་དཔེ་ལྟར་རེད་སྙམ། རྒྱུ་མཚན་གསུམ་པ། གཡུང་དྲུང་གི་རི་མོ་འདི་བོན་དང་ཧིན་དུ་གཉིས་ཀས་གལ་ཆེན་དུ་བརྩི་བ་འདི་ལའང་གནད་འགག་ཅིག་འདུག་དྲན།
ཨརྱ་ནས་༼རྒྱ་༽ཞེས་པའི་ཡི་གེ་བྱུང་ལུགས་འདི་ལ། ཕྲན་གྱིས་ཁས་ལེན་དང་དགག་པ་གཉིས་ཀ་མེད། དཔྱད་གཞི་རེད། བསམ་བློ་གཞན་ཞིག་བཏང་ན། རྒྱ་ཞེས་པའི་གནའ་བོའི་བོན་གྱི་ཡིག་རིས་ནས་ཨརྱ་བྱུང་བ་རེད་ཅེས་བཤད་ནའང་རྒྱུ་མཚན་ཁ་ཤས་རྙེད་ཀྱི་རེད།

depobeltam said...

I like your blog

ཁྱུངཿསྨོན་ལམ། said...

ཐ་ཚན་མུ་ཙུག་སྨར་རོ།།

Anonymous said...

དེ་མིན་Forsyth ganj ལ་ཕོ་ལ་དགའ་གི་དང McLeod ganj མོ་ལ་དགའ་གི། ཨརྱ་ཝར་ཏ་དང་ཨརྱ་བྷུ་མི་གཉིས་ལ་ཁྱད་པར ་གང་ཡོང།

བསམ་གཞིགས།

ངས་ང་རང་ཉིད་འཛམ་གླིང་འདིར་སྐྱེས་པ་དེ་ཤེས་དགོས་ལ། སྐྱེས་ནས་འཛམ་གླིང་འདིར་རྐང་རྗེས་ཞིག་འཇོག་དགོས་པའང་ཤེས་དགོས།

སྡོང་གྲོགས།

ཀྱཻ། ཕྱོགས་བཅུ་འཇིག་རྟེན་མཐའ་དག་ན།

དམ་ཅན་ལྷ་སྲུང་ཁྱེད་རྣམས་ཉོན།

རིན་ཆེན་གསེར་བས་རིན་ཆེ་མེད། །

སྐྱེམས་འཕང་ཆང་བས་ངོ་ཆེ་མེད།

སངས་རྒྱས་བཀའ་བས་བདེན་ཆེ་མེད།

གཡུང་དྲུང་བོན་བས་སྟོབས་ཆེ་མེད། །

གཤེན་རབས་རྣམས་བས་མཐུ་ཆེ་མེད།

སེམས་ཀྱི་རྩལ་བས་མྱུར་བ་མེད།

དེ་རིང་གཤེན་གྱི་ཆང་བརྔན་གྱིས། །

རང་རང་བསྟན་པ་སྲུང་བར་མཛོད།

བོན་གྱི་སྡོང་གྲོགས་བོན་གྱིས་བྱེད། །

ཞང་ཞུང་པ།. Powered by Blogger.

ཟིན་བྲིས་གཙོ་གཉེར་བ་ཞང་ཞུང་པ།

ཟིན་བྲིས་གཙོ་གཉེར་བ་ཞང་ཞུང་པ།
ཞང་ཞུང་པ་ཞེས་པའི་དྲྭ་རྒྱ་གཙོ་གཉེར་བ་ནི། མཐོ་སྒང་སྦྲ་ནག་གི་ཐུ་འོག་ནས་ཚར་ལོང་བྱུང་ཞིང་ཤེས་རིག་གི་བདུད་བརྩི་ལྷོ་ མཐའི་ཡུལ་ནས་མྱོང་བའི་ཡུལ་གྱར་བ་ཞིག་ཡིན།

དུས་སྟོང་དུ་ངས་དགའ་ཤོས་བྱ་ཡུལ།

  • འཁྲབ་ཚན། སུན་ཙེན་དམག་དོན་བསྟན་བཅོས།
  • འཁྲབ་ཚན། གོང་མའི་ཨ་སྲུ་ཐེན་ཀུ་ཕྷ།
  • འཁྲབ་ཚན། ཆུ་ངོགས་གཏམ་རྒྱུད།
  • དཔེ་དེབ། ཀླུ་འབུམ་མི་རྒོད།
  • དཔེ་དེབ། ཤར་རྫའི་ལེགས་བཤད་མཛོད།
  • དཔེ་དེབ། མཁས་དབང་དཔལ་ཚུལ་གྱི་བསྟན་བྱུང།
  • དཔེ་དེབ། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།
  • དཔེ་དེབ། དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་ཅིག
  • དཔེ་དེབ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།

ཐུགས་རྗེ་ཆེ།

ངའི་ཟིན་བྲིས་སུ་ཕེབས་པར་དགའ་བསུ་དང་ཁྱེད་ལ་ནད་མེད་ཚེ་རིང་ཡོང་བའི་སྐྱེལ་མ་ཞུ། ཐ་ཚན་མུ་ཙུག་སྨར།