Saturday, June 12, 2010

postheadericon རྒྱལ་བ་མཉམ་མེད་ཆེན་པོའི་མཛད་རྣམ་ཉུང་བསྡུས།

རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི་སྔོན་བྱོན་སྐྱེས་ཆེན་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ས་གནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་རབ་བརྟན་རྒྱལ་པོའི་མངའ་ཁུལ་ས་གནས་སྟེགས་སྐྱོགས་ཞེས་པར་ཡབ་དབྲ་རིགས་བོན་པོ་ཀླུ་རྒྱལ་དང་ཡུམ་མཁའ་འགྲོའི་མཚན་རྟགས་ཅན་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་༼༡༣༥༦༽ལོའི་དཔྱིད་ཟླ་ར་བའི་ཚེས་ལྔ་ཉིན་འགྲོ་བ་མི་ཡི་ཆ་ལུགས་ཀྱི་ཚུལ་བཟུང་ནས་སྐུ་མཆོག་མངོན་པར་བལྟམས། 
རྗེ་ཉིད་སྐུ་ན་ཆུང་བའི་དུས་སུའང་སྔོན་གྱི་ལས་འཕྲོ་བཟང་པོའི་ཉེར་ལེན་ལ་བརྟེན་མཁྱེན་རྟོགས་ཧ་ཅང་གསལ་བ་དང་ཐུགས་རིག་ཤིན་ཏུ་རྣོ་བས་འཕྲུལ་ཆེན་ཡིག་འབྲུ་སུམ་ཅུ་མ་བསླབ་རང་རྡོལ་དུ་མཁྱེན་ཅིང༌། འབྲི་ཀློག་དང་བརྡ་སྦྱོར་སྙན་ངག་མོ་རྩིས་གཏོ་དཔྱད་བཅས་རྒྱུ་ཡི་བོན་བཞི་ཕྱོགས་ཙམ་གསན་པས་ཕུལ་དུ་ཕྱིན་པ་བྱུང༌།
དགུང་གྲངས་བཅུ་པ་ཤིང་སྦྲུལ་ཕྱི་ལོ་༼༡༣༦༥༽ལོར་སྲིད་པའི་ཕུན་ཚོགས་ལ་ཞེན་པ་གཏིང་ནས་ལོག་སྟེ། བཤེས་གཉེན་དམ་པ་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་མདུན་ནས་རིམ་བཞིན་བསྙེན་གནས་དང་དགེ་བསྙེན་གཙང་གཙུག་བཅས་ཀྱི་སྡོམ་ཁྲིམས་བཞེས་པས་ཚུལ་མིང་ཤེས་རབ་རྒྱལ་མཚན་ཞེས་གསོལ། དེ་ནས་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ་ཞེས་ཡོངས་སུ་གྲགས་པའི་གདུང་རྒྱུད་རྒྱལ་པོ་ཆེ་ལྔའི་ནང་ཚན། རྒྱལ་བ་བྲུ་ཡི་གདན་ས་ཆེན་མོ་དཔལ་ལྡན་གཡས་རུ་དབེན་ས་ཁའི་གདན་རབས་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་མཉེས་པ་གསུམ་གྱིས་གཙུག་ཏུ་བཀུར་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མནོས།
དགུང་གྲངས་སོ་གཅིག་མེ་སྟག་ཕྱི་ལོ་༼༡༣༨༦༽ལོར་རྨད་འབྱུང་འདུལ་བ་འཛིན་པ་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ཀྱི་དྲུང་ནས་ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་རྫོགས་པར་བཞེས་ཤིང་གཡུང་དྲུང་བོན་གྱི་བསྟན་པའི་འདུ་གནས་ཆེན་པོ་གཡས་རུ་དབེན་ས་ཁར་སྒྲིག་ཞུགས་གནང་རྗེས་གདན་ས་འདིའི་ཟུར་བཤད་ཀྱི་མཁན་པོའི་འཕྲིན་ལས་བསྐྱངས། དམ་པ་ཁོང་ནི་གཞུང་ལུགས་དང་གྲུབ་མཐའ་ཕྱོགས་རེ་བའི་མཁས་གྲགས་འབར་བ་ཙམ་མིན་པར། རང་གཞན་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པ་སྟེ། རང་གི་གཞུང་ལུགས་ལ་གསན་བསམ་གནང་རིམ་གོང་སྨྲས་ལྟར་ལ། གཞན་གྱི་གཞུང་ལུགས་ལའང་ཐོས་བརྩོན་གནང་བ་ནི་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་གསལ་བྱེད་མཐོང་བའི་དགའ་སྟོན་ལས། ན་ལེན་ཏྲ་རུ་རོང་སྟོན་ཆེན་པོའི་དྲུང༌། །མཚན་ཉིད་རྒྱུ་ཡི་སྒྲོ་འདོགས་གཅོད་པའི་དུས། །བཀའ་སྡེ་བཅུ་པོར་འགྲན་པའི་ཟླ་བྲལ་བའི། །རབ་འབྱམས་ཆེན་པོར་གྲགས་པའི་མཉམ་མེད་པ། །ཞེས་གསུངས་པ་ལྟར། དབུས་ཀྱི་ན་ལེན་ཏྲར་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི་སྤྱན་སྔར། གཞུང་མཚན་ཉིད་པོད་ཆེན་དྲུག་དང༌། གྲངས་ཅན་བཅོ་བརྒྱད་ལ་མཁས་པར་སྦྱང་སྟེ། དཔལ་ལྡན་གསང་ཕུག་ནེའུ་ཐོག་གི་བཤད་གྲྭ་ཆེན་པོར་གྲྭ་སྐོར་མཚན་ཉིད་རབ་འབྱམས་ཆེན་པོའི་མཚན་རྟགས་བཞེས་པར་མ་ཟད། དབུས་གཙང་གི་གྲྭ་ས་ཆེ་ཁག་རྣམས་སུ་བྱོན་ནས་རྩོད་པའི་དམ་བཅའ་རྣམ་པར་བཞག་སྟེ། སྒྲུབ་དང་སུན་འབྱིན་གྱི་གནད་ཕྱིན་ཅི་མ་ལོག་པའི་ལུང་རིག་གནམ་ལྕགས་ཐོག་མདའ་ལྟ་བུའི་ཕས་རྒོལ་གྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་བྲག་རི་མངོན་པར་བཅོམ་ནས། སུས་ཀྱང་འགྲན་པའི་ཟླ་དང་བྲལ་བར་གྱུར།
ཕྱི་ལོ་༼༡༤༠༥༽ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་བཀྲ་ཤིས་སྨན་རིའི་དགོན་སྡེ་ཆེན་པོ་གསར་འཛུགས་གནང་ཞིང་ཁང་ཚན་བཅུ་གཉིས་དང་གྲྭ་ཤག་དྲུག་ཅུའྀ་བཀོད་པ་རྫུ་འཕྲུལ་གྱི་མཐུས་སྐད་ཅིག་ཏུ་གྲུབ་པར་མཛད་ཅིང༌། ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་བསྒྲུབ་སྟེ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པའི་སྲོག་ཤིང་བཟུང་བར་མ་ཟད། མདོ་སྔགས་ཕྱི་ནང་གསང་གསུམ་གང་ལ་གང་འོས་ཀྱི་འགྲེལ་དང་ཆ་ལག་མ་མཛད་པ་ཕལ་ཆེར་མེད་པའི་ཚད་ཙམ་གྱི་ནང་ནས། ཕྱི་མཚན་ཉིད་སྡེ་ལྔའི་སྐོར་ལས་སྲིད་པ་ཀུན་འབྱུང་མཛོད་ཀྱི་སྡེ་ལ། ༼མཛོད་འགྲེལ་གསལ་བྱེད་འཕྲུལ་གྱི་སྒྲོན་མ་ས་བཅད་དང་བཅས་པ།༽ ཏིང་འཛིན་དག་པ་མདོ་ཡི་སྡེ་ལ། ༼ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་༽དང༌། ༼ས་ལམ་གྱི་རྣམ་བཤད་འཕྲུལ་གྱི་སྒྲོན་མ་རྩ་འགྲེལ་གཉིས།༽ ཤེས་རབ་དག་པ་འབུམ་གྱི་སྡེ་ལ། ༼ཤེར་ཕྱིན་རྒྱས་འབྲིང་སྡུས་གསུམ་གྱི་རྩ་བ་ཁམས་བསྡུས་ཚིགས་བཅད་མའི་འགྲེལ་བ་གསལ་བའི་སྒྲོན་མ་ས་བཅད་བཅས་པ།༽ ཚུལ་ཁྲིམས་དག་པ་འདུལ་བའི་སྡེ་ལ། རྗེ་བཙུན་ཡར་མེ་བས་མཛད་པའི་༼འདུལ་བ་མདོར་སྡུས་དང་ཀུན་བཏུས་གཉིས་ཀའི་འགྲེལ་བ་ས་བཅད་དང་བཅས་པ།༽  ༼ལས་ཆོག་རིན་ཆེན་ཐེམ་སྐས་གསོ་སྦྱོང་དང་བཅས་པ།༽  ༼འདུལ་ཕྱག་རྒྱས་བསྡུས་གཉིས།༽ གཞལ་བྱ་དབུ་ཚད་རིག་པའི་སྡེ་ལ། ༼དབུ་མ་བདེན་གཉིས་ཀྱི་འགྲེལ་བ་༽དང༌། ༼ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མའི་གཞུང་དང་རང་འགྲེལ།༽ དེ་རྣམས་ཀྱི་བསྡུས་དོན་དང་རྩོད་སྤང་གི་ཐལ་འཕྲེང་ལ་སོགས་དུ་མ་མཛད། སྔགས་སེམས་ཀྱི་སྐོར་ལ། ༼བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ས་བཅད་དང་བཅས་པ།༽ ཁྱད་པར་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་དགོངས་དོན། ༼གསང་སྔགས་ཀྱི་གནད་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་གསང་དོན་རྣམ་འབྱེད་འཕྲུལ་སྒྲོན་མེ་༽བཅས། བསྟན་པའི་གསལ་བྱེད་དུ་རྗེས་བཞག་གནང་ཞིང་དགོན་པའི་ཕྱི་ནང་གི་སྒྲིག་སྲོལ་ཐམས་ཅད་རྣམ་དག་འདུལ་བཟང་ཆེན་མོའི་བསླབ་ཁྲིམས་ཀྱི་བཅའ་གཞི་ལྟར་གཏན་འབེབས་རྒྱུན་སྐྱོངས་གནང་བས་གངས་ཅན་བསྟན་པའི་མིག་རྒྱན་ཉག་ཅིག་ཏུ་གྱུར་པ་བཅས་ཡིན་ལུགས་ཀྱི་རྣམ་ཐར་ཟུར་ཙམ་མོ།།
མུ་ཙུག་སྨར་རོ།

3 མཆན།:

chungtse said...

ན་ལེན་ཏྲ་རུ་རོང་སྟོན་ཆེན་པོའི་དྲུང༌། །མཚན་ཉིད་རྒྱུ་ཡི་སྒྲོ་འདོགས་གཅོད་པའི་དུས། །བཀའ་སྡེ་བཅུ་པོར་འགྲན་པའི་ཟླ་བྲལ་བའི། །རབ་འབྱམས་ཆེན་པོར་གྲགས་པའི་མཉམ་མེད་པ། །ཞེས་པ་དེ། དབུས་ཀྱི་ས་སྐྱའི་གདན་ས་ན་ལནྜ་རེད་དམ། དེ་ཡིན་ན། དམ་པ་ཁོང་གིས་ངའི་སྐྱེ་ཡུལ་ལའང་ཞབས་ཀྱིས་བཅག་འདུག སྐབས་དེར་གསང་ཕུ་ནི་ཧ་ཅང་གྲགས་ཆེ་བའི་བཤད་གྲྭ་ཞིག་རེད། གསང་ཕུ་དབྱར་ཆོས་དང་འཇང་དགུན་ཆོས་ཞེས་ཧ་ཅང་གྲགས་ཆེ་བའི་ཆོས་གྲྭ་གཉིས་ལས་སྔ་མ་དབྱར་དུས་སུ་འཁེལ་བས། ཧ་ཅང་སྐྱིད་པར་གྲགས།
མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་རྙིང་ཤོས་གང་ཡིན་ནམ། མཛད་པ་པོ་སུ་རེད། ནམ་མཛད་པ་རེད། དམ་པ་ཁོང་གི་རང་རྣམ་ཡོད་དམ།

མཉམ་མེད་ཤེས་རབ་རྒྱལ་མཚན་དང་དེང་གི་སྨན་རིའི་ཁྲི་འཛིན་སོགས་ཀྱི་མཛད་རྣམ་ལ་གཞིགས་ན། གཡུང་དྲུང་བོན་གྱི་རྗེས་འཇུག་ཚོའི་ཁྲོད་དུ་རང་བསྟན་བོན་ལ་ཐོས་བསམ་གནང་བ་ཙམ་དུ་མ་ཟད། བན་དེའི་གདན་ས་རྣམས་སུའང་ཕེབས་ཏེ་སློབ་གཉེར་གནང་བའི་སྲོལ་ཞིག་མཇལ་རྒྱུ་འདུག དེ་རྣམ་ཐར་རང་གི་གསུང་སྟངས་ལྟར་ན། རིས་མེད་ཀྱི་ཉམས་བཞེས་གནང་སྟངས་རེད། ཡང་ན་གཞན་སྡེ་འགོག་པ་ལ་དེའི་ཚུལ་མཁྱེན་དགོས་པར་དགོངས་པ་རེད། དེ་མིན་རང་བསྟན་བོན་གྱིས་ཐུགས་མ་ཚིམ་པར་ཕེབས་པ་རེད། དེ་ཚོ་གཅིག་གསུངས་ཐུབ་ན་ཕྲན་ལ་ཕན་ས་རེད།

ཞང་ཞུང་པ། said...

སྐུ་ངོ་ལགས། ཁྱེད་ཀྱི་བཀའ་དྲི་དེ་དེ་རིང་བར་མ་མཇལ་བས་དགོངས་ཡངས་གནང་བ་ཞུ།
དྲི་བ་དང་པོ་ལ། ས་སྐྱའི་ཉེ་འགྲམ་ལ་ཡོད་པའི་འབྲ་བུ་སྐྱེད་ཚལ་ཞེས་པར་ངོས་འཛིན་གནང་སྲོལ་འདུག
དྲི་བ་གཉིས་པ་ལ།
རྗེ་མཉམ་མེད་ཆེན་པོའི་རྣམ་ཐར་འགའ་ཞིག་ཡོད་པ་རེད་ལ། དེའང་༸རྗེ་རིན་པོ་ཆེའི་རྣམ་ཐར་འདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་ཞེས་བྱ་བ་འདི་ནི། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་རྣམ་ཐར་མི་འདྲ་བ་གསུམ་ལ་ལྟོས་ནས་བསྒྲིགས་ཞེས་གསལ།
༸རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིི་རྣམ་ཐར་ངོ་མཚར་པད་མོའི་འཕྲེང་བ་ཞེས་བྱ་བ་དེ་ནི། རྗེ་ཉིད་ཀྱི་རྒྱལ་ཚབ་རིན་རྒྱལ་གྱི་དངོས་སློབ་བཙུན་པ་གྲགས་པ་རྒྱལ་མཚན་གྱིས་ཡིག་གེར་བཀོད་ཞེས་གསལ། རྙྀང་ཤོས་ཀྱང་ཕལ་ཆེར་འདི་ཡིན་པར་ངེས། ཁ་རྒྱུན་ལ་རྗེ་རིན་པོ་ཆེའི་རང་རྣམ་རྒྱས་པ་ཞིག་ཡོད་ཀྱང་། དེ་བོད་གཞུང་གིས་གཡར་རོགས་ཞུས་ནས་དེའི་ནང་དུ་རྗེ་བློ་བཟང་གྲགས་པ་དང་རྗེ་མཉམ་མེད་རྣམ་གཉིས་ཀྱི་རྩལ་འགྲན་དང་རྗེ་གཙང་ཁ་པས་རྗེ་མཉམ་མེད་ཆེན་པོ་ལ་བསྟོད་པ་ཕུལ་བ་སོགས་ལ་ཡིད་མ་རངས་ནས་ཡར་སྤྲད་རོགས་མ་བྱས་པས་མ་དཔེ་བོར། ཞེས་བཤད་མཁན་ཡང་ཡོད།
དྲི་བ་གསུམ་པ་ལ། རྗེ་མཉམ་མེད་ཆེན་པོ་དང་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག ད་དུང་བོན་གྱི་བླ་ཆེན་འགའ་ཞིག་གཞན་སྡེའི་གྲྭ་སར་ཕེབས་གནང་བ་རྣམས་ནི། གངས་ཅན་བོད་ཀྱི་ཕ་ནོར་གཡུང་དྲུང་བོན་གྱི་གཞུང་ལུགས་རྒྱ་མཚོ་འདྲ་བ་དེས་མ་ངོམས་ནས་གཞན་ཆོས་སྦྱོང་བར་ཕེབས་པ་དང། ད་དུང་གཞན་སྡེའི་གཞུང་ལུགས་ལ་དགག་ལན་བརྒྱག་རྒྱུའི་ཆེད་དུ་དེ་བས་ཡིན་ས་མ་རེད། དེ་ནི་རྗེ་ཉིད་ཀྱི་ཞལ་ནས། བདག་གིས་ནི་ལུང་རིག་སྨྲ་བའི་སྐྱེས་བུ་ཙམ་ལ་ཡིད་རངས་བགྱིད་དོ།་རང་ལྟ་ལ་མི་ཆགས། གཞན་ལྟ་ལ་མི་སྡང་བའི་སྒོ་ནས། གྲུབ་མཐའི་རྣམ་བཞག་འབྱེད་པ་ནི་ཤེས་རབ་སྐྱེ་བའི་རྒྱུ་དང། དག་སྣང་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ། གསུངས་པ་ལྟར་ཡིན།
དེ་དང་འདྲ་བར་གཡུང་དྲུང་གླིང་གི་དཔོན་སློབ་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་སློབ་མ་སེར་འབྲས་དགེ་གསུམ་ནས་ཚུར་ཕེབས་ཏེ་མཁས་པའི་གོ་སར་འགྲིམས་པ་དེ་འདྲའད་འདུག་པས། དེ་འདྲའི་རིགས་བོན་བེན་གཉིས་ཀར་འདུག་དམ་པའི་ལུགས་ཡིན་པར་མངོན་ནོ།

chungtse said...

བཀའ་ལན་གནང་བར་ཐུགས་རྗེ་ཆེ་ཞུ། ༼བདག་གིས་ནི་ལུང་རིག་སྨྲ་བའི་སྐྱེས་བུ་ཙམ་ལ་ཡིད་རངས་བགྱིད་དོ།་རང་ལྟ་ལ་མི་ཆགས། གཞན་ལྟ་ལ་མི་སྡང་བའི་སྒོ་ནས། གྲུབ་མཐའི་རྣམ་བཞག་འབྱེད་པ་ནི་ཤེས་རབ་སྐྱེ་བའི་རྒྱུ་དང། དག་སྣང་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ།།༽ཞེས་པའི་གསུང་འདིས་ལུས་ཀྱི་བ་སྤུའང་གཡོ་བའི་ཚོར་བ་ཁྱད་པར་བ་ཅན་སྐྱེས། སྐྱེ་ཞིང་སྐྱེ་བར་དེ་འདྲའི་རྣམ་དཔྱོད་ལྡན་ཞིང་ཆགས་སྡང་ཕྱོགས་རིས་སྤངས་པའི་ལམ་བཟང་པོར་འཇུག་ཐུབ་པར་སྙིང་ནས་སྨོན།།

བསམ་གཞིགས།

ངས་ང་རང་ཉིད་འཛམ་གླིང་འདིར་སྐྱེས་པ་དེ་ཤེས་དགོས་ལ། སྐྱེས་ནས་འཛམ་གླིང་འདིར་རྐང་རྗེས་ཞིག་འཇོག་དགོས་པའང་ཤེས་དགོས།

སྡོང་གྲོགས།

ཀྱཻ། ཕྱོགས་བཅུ་འཇིག་རྟེན་མཐའ་དག་ན།

དམ་ཅན་ལྷ་སྲུང་ཁྱེད་རྣམས་ཉོན།

རིན་ཆེན་གསེར་བས་རིན་ཆེ་མེད། །

སྐྱེམས་འཕང་ཆང་བས་ངོ་ཆེ་མེད།

སངས་རྒྱས་བཀའ་བས་བདེན་ཆེ་མེད།

གཡུང་དྲུང་བོན་བས་སྟོབས་ཆེ་མེད། །

གཤེན་རབས་རྣམས་བས་མཐུ་ཆེ་མེད།

སེམས་ཀྱི་རྩལ་བས་མྱུར་བ་མེད།

དེ་རིང་གཤེན་གྱི་ཆང་བརྔན་གྱིས། །

རང་རང་བསྟན་པ་སྲུང་བར་མཛོད།

བོན་གྱི་སྡོང་གྲོགས་བོན་གྱིས་བྱེད། །

ཞང་ཞུང་པ།. Powered by Blogger.

ཟིན་བྲིས་གཙོ་གཉེར་བ་ཞང་ཞུང་པ།

ཟིན་བྲིས་གཙོ་གཉེར་བ་ཞང་ཞུང་པ།
ཞང་ཞུང་པ་ཞེས་པའི་དྲྭ་རྒྱ་གཙོ་གཉེར་བ་ནི། མཐོ་སྒང་སྦྲ་ནག་གི་ཐུ་འོག་ནས་ཚར་ལོང་བྱུང་ཞིང་ཤེས་རིག་གི་བདུད་བརྩི་ལྷོ་ མཐའི་ཡུལ་ནས་མྱོང་བའི་ཡུལ་གྱར་བ་ཞིག་ཡིན།

དུས་སྟོང་དུ་ངས་དགའ་ཤོས་བྱ་ཡུལ།

  • འཁྲབ་ཚན། སུན་ཙེན་དམག་དོན་བསྟན་བཅོས།
  • འཁྲབ་ཚན། གོང་མའི་ཨ་སྲུ་ཐེན་ཀུ་ཕྷ།
  • འཁྲབ་ཚན། ཆུ་ངོགས་གཏམ་རྒྱུད།
  • དཔེ་དེབ། ཀླུ་འབུམ་མི་རྒོད།
  • དཔེ་དེབ། ཤར་རྫའི་ལེགས་བཤད་མཛོད།
  • དཔེ་དེབ། མཁས་དབང་དཔལ་ཚུལ་གྱི་བསྟན་བྱུང།
  • དཔེ་དེབ། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།
  • དཔེ་དེབ། དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་ཅིག
  • དཔེ་དེབ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།

ཐུགས་རྗེ་ཆེ།

ངའི་ཟིན་བྲིས་སུ་ཕེབས་པར་དགའ་བསུ་དང་ཁྱེད་ལ་ནད་མེད་ཚེ་རིང་ཡོང་བའི་སྐྱེལ་མ་ཞུ། ཐ་ཚན་མུ་ཙུག་སྨར།